འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།བོད་ལྗོངས་ལྷ་སའི་གསེར་ཆས་དངུལ་ཆས་ཀྱི་ལག་ཤེས་པ་ཚོས་ཕན་ཚུན་རོགས་རམ་དང་སྤེལ་རེས་
མཉམ་འདྲེས་བྱས་པ།

—— ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱས་ནས་བདེ་སྐྱིད་འཚོ་བ་མཉམ་དུ་བཏོད་པའི་སྐོར།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན།
སྔ་དྲོའི་ཆུ་ཚོད་10པར། ལོ་40ལ་སླེབས་པའི་མུའུ་ཅང་ཡུན་རང་ཉིད་ཀྱི་རྒན་ལགས་ཀྲང་ཀྲའོ་ཕུང་གི་གསེར་དངུལ་ཡོ་ཆས་ལས་སྣོན་ཁང་དུ་ཡོང་སྐབས། དགེ་ཕྲུག་ཚོ་བློ་རྩེ་གཅིག་སྒྲིམ་གྱིས་གསེར་ཆས་དངུལ་ཆས་རྡུང་བཞིན་ཡོད་ལ། མིག་ལ་མཛེས་པའི་གསེར་ཆས་དངུལ་ཆས་སྣ་ཚོགས་ཀྱི་ཁྲོད་དུ་མི་རྣམས་ཀྱིས་དགའ་པོ་བྱེད་པའི་རྒྱུན་གཏན་གྱི་མཁོ་་ཆས་དང་རྒྱན་ཆ་སྣ་ཚོགས་ཡོད་པ་མཐོང་།
    ཀྲང་ཀྲའོ་ཕུང་གི་གསེར་དངུལ་ཡོ་ཆས་ལས་སྣོན་ཚོང་ཁང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་གསེར་དངུལ་ཡོ་ཆས་ཁྲོམ་རར་ཡོད། དུས་རབས་གོང་མའི་ལོ་རབས་90པར། ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཧོ་ཆིན་རྫོང་ནས་ཡོང་བའི་དངུལ་བཟོ་བ་ཁག་གཅིག་ལྷ་སར་གཞིས་ཆགས་ཤིང་། ཀྲང་ཀྲའོ་ཕུང་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་རེད། ཕྱིས་སུ་ཀྲང་ཀྲའོ་ཕུང་གིས་པའེ་རིགས་ཀྱི་ལག་ཤེས་པ་ཚུན་ཤིས་ཧོའེ་དགེ་རྒན་དུ་བསྟེན་ནས་ཚོང་ཁང་བཙུགས་པ་དང་དགེ་ཕྲུག་བསྡུས་ནས་ལོ་30ལྷག་ཙམ་སོང་ཡོད།
    “དགེ་ཕྲུག་ནང་བོད་རིགས་དང་། ཧུད་རིགས། པའེ་རིགས། དབྱིས་རིགས་བཅས་ཡོད”ཀྲང་ཀྲའོ་ཕུང་གིས་དྲན་གསོ་དང་བཅས“དགེ་ལགས་ཀྱིས་ང་ཚོར་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་སྒྱུ་རྩལ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བ་ཞིག་ཡིན་པས་མི་རིགས་ཁག་དབར་ཕན་ཚུན་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་དགོས”ཞེས་མངགས་བྱ་ཡང་ཡང་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་། ལྷ་སར་ཐོག་མར་ལག་རྩལ་སྦྱོང་སྐབས། ཀྲང་ཀྲའོ་ཕུང་དང་དགེ་ཕྲུག་ཚོས་སྔོན་ལ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྦྱངས་ནས་རྒྱན་ཆ་སྣ་ཚོགས་ཀྱི་རིག་གནས་ནང་དོན་ཤེས་རྗེས་གཞི་ནས་གསེར་ཆས་བཟོ་བའི་རིགས་པའི་གཞུང་ལུགས་དང་ཇུས་འགོད་ཤེས་བྱར་སློབ་སྦྱོང་བྱེད་ཀྱི་ཡོད།
    “ངས་རྒྱུན་སྤྱོད་གསེར་དངུལ་ཡོ་ཆས་དང་། གྱོན་ཆས་ཀྱི་རྒྱན་གོས། ཨར་ལས་མཛེས་བཟོ་སོགས་ཀྱི་བཟོ་རྩལ་སྦྱངས་པ་མ་ཟད། ད་དུང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཕན་ཚུན་རོགས་རམ་ཡང་བྱེད་ཀྱི་ཡོད”ཅེས་ཀྲང་ཀྲའོ་ཕུང་གིས་བརྗོད་བྱུང་།
    ཀྲང་ཀྲའོ་ཕུང་གི་དགེ་ཕྲུག་ཚོས་ཀྱང་མུ་མཐུད་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་བཞིན་ཡོད།
    དགེ་ཕྲུག་མུའུ་ཅང་ཡུན་གྱིས་དགེ་རྒན་ལོ་མང་བསྟེན་རྗེས། ད་ཆ་རང་ཉིད་ཀྱི་ཚོང་ཁང་བཙུགས་ཡོད་ལ། ཁོམ་པ་བྱུང་སྐབས་ཁོང་གིས་ཉིན་ལྟར་རྒན་ཀྲང་ཀྲའོ་ཕུང་གི་ཚོང་ཁང་དུ་བསྐྱོད་ནས་རོགས་པ་བྱེད་པ་མ་ཟད། དགེ་ཕྲུག་གཞན་དང་ལག་རྩལ་སྤེལ་རེས་བྱེད་ཀྱི་ཡོད།
   “བོད་དུ་ང་ཚོས་རྒྱུན་དུ་མི་རིགས་ཁག་གི་མི་དམངས་དབར་གྱི་བརྩེ་བ་ནི་ཇ་དང་ཚྭ་ལྟར་ཡིན་ཞེས་པའི་དཔེ་དེ་དངུལ་ཕོར་འདི་ལས་མཐོང་ཐུབ”ས་གནས་དེ་གའི་གསེར་དངུལ་ཡོ་ཆས་ཚོང་ཚོགས་ཀྱི་འགན་འཁུར་བ་ཀྲོའུ་ལིན་ཀའོ་ཡིས་དངུལ་ཕོར་གཅིག་བསྟན་ནས“དངུལ་ཕོར་འདིར་རྒྱ་རིགས་ཀྱི་ལག་རྩལ་ཁྱད་ཆོས་འདུས་ཡོད་ལ། ཇུས་འགོད་རྩེ་གྲ་ལས་ལྷོ་ནུབ་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་མངོན་པ་དང་བོད་རིགས་ཀྱི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཀྱང་བརྐོས་ཡོད”ཅེས་བརྗོད་བྱུང་།
    ཀྲོའུ་ལིན་ཀའོ་ཡིས་གསར་འགོད་པར། དེ་གར་ཚོང་དུད་420ལྷག་ཙམ་ཡོད་པར་རྒྱ་རིགས་དང་། བོད་རིགས། པའེ་རིགས། ཧུད་རིགས། དབྱིས་རིགས། ཏུང་ཤང་རིགས། ས་ལ་རིགས་ལ་སོགས་མི་རིགས་མང་པོ་ཡོད་པ་དེ་དག་ཚོང་བརྒྱབ་ནས་ལོ་ཉི་ཤུ་སུམ་ཅུ་ཕྱིན་ཡོད། ཁོ་ཚོ་དང་ལྷ་སའི་མི་རིགས་ཁག་གི་སྤུན་ཟླའི་དབར་གྱི་འབྲེལ་བ་སྔར་བས་ཟབ་པ་མ་ཟད། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ཏེ་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གསར་གཏོད་ཁྲོད་སྤུན་ཟླའི་དབར་གྱི་བརྩེ་སེམས་དེ་བས་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད་བྱུང་།