འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་15ཉིན།

༄༅།།མཚོ་སྔོན་ཡུལ་ཤུལ་གྱིས། འཕར་བརྟན་པོ་ཡོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་
ཁྲོམ་རའི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་15ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་ཅིང་། སྔོ་གསོལ་དུ་སྐྱོད་མཁན་དང་ཁྲོམ་ལ་ཅ་དངོས་ཉོ་བར་སྐྱོད་མཁན་མང་པོ་ཡོད་ལ། ཚོང་ཁྲོམ་དང་ཚོང་པར་ཡང་འཛད་སྤྱོད་ཀྱི་མཐོ་རླབས་ཤིག་འཕྱུར་ཡོད། འདི་ལོ་ནས་བཟུང་ཡུལ་ཤུལ་ཀྲོའུ་ཡིས་སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ་སྤྱི་འདོམས་འཆར་འགོད་དང་ཕྱོགས་བསྡུས་ཇུས་བསྟར་གྱིས་ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། ཟུར་ཚད་མང་བ་བཅས་ཀྱི་སྒོ་ནས་བརྟན་པོའི་ངང་འཕར་བ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད་པ་རེད།
   ཡུལ་ཤུལ་ཀྲོའུ་ཡིས་གལ་ཆེའི་དུས་ཚོད་དང་མཚམས་ཚིགས་ལ་དམ་འཛིན་བྱས་ནས་ཀྲོའུ་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་བརྗོད་དོན་གཙོ་བོའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཐེངས་6སྤེལ་བ་དང་། ཞིང་ཆེན་རིམ་པ་དང་མཉམ་དུ་2024ལོའི་དྲ་ཐོག་གི་ལོ་གསར་མཁོ་ཆས་ཚོང་འདུས་འཚོགས་པ། ཡུལ་ཤུལ་གྱི་དྲ་ཐོག་མིང་ཅན་དང་སྙན་སྒྲོན་པ་གཙོ་བོས་ཡུལ་ཤུལ་གྱི་ཐོན་རྫས་ཚབ་འཚོང་གི་ལེགས་ཆ་འདོན་སྤེལ་བྱས་ནས། ཡུལ་ཤུལ་གྱི་ཐོན་རྫས་འགྲེམས་ཚོང་ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ཀྲོའུ་དེ་ཡོངས་ཀྱིས་འཛད་སྤྱོད་སྐུལ་སྤེལ་མ་དངུལ་སྒོར་ཁྲི་35བཏང་བ་དང་རིགས་ཁག་གི་འཛད་སྤྱོད་འཛིན་ཤོག་ཁྲི་1.7ལྷག་ཙམ་སྤྲད་ནས། སྤྱི་ཚོགས་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་ཚད་སྒོར་ཁྲི་2500ལྷག་ཙམ་ཟིན་ཡོད་པ་རེད།
   དྲིལ་བསྒྲགས་འོས་སྦྱོར་གྱི་བྱེད་སྒོར་བརྟེན་ནས་འཛད་སྤྱོད་ལ་སྐུལ་སྤེལ་བཏང་ཞིང་། “སྲིད་གཞུང་གིས་སྟེགས་བུ་སྐྲུན་པ་དང་། ཁེ་ལས་ཀྱིས་ཐོན་རྫས་འཚོང་བ། མང་ཚོགས་ལ་ཕན་པ་ཐོབ་པ”བཅས་ཀྱི་མཉམ་ལས་གཉིས་ཕན་གྱི་བྱེད་ཐབས་བརྒྱུད། པེ་ཅིང་དང་ཅང་སུའུ་ཞུས་ཀྲོའུ་རུ་རྣམ་གྲངས་འོས་སྦྱོར་དང་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་བ་དང་། ཁེ་ལས་22ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་50ལྷག་ཙམ“པེ་ཅིང་དང་ཡུལ་ཤུལ”དབར་གྱི་བརྩེ་སེམས་ཟབ་མོ་མཚོན་པ་དང“ཅང་སུའུ་དང་མཚོ་སྔོན”དབར་གྱི་ལས་དབང་དམ་པོར་སྦྲེལ་བའི་འབྲེལ་ཟམ་ལྟ་བུར་གྱུར་ནས། ས་གནས་ས་ཐོག་གི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་43ལྷག་ཙམ་ཟིན་གྱི་ཡོད་པ་རེད།