འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་14ཉིན།

༄༅།།ཞི་ཅིན་ཕིང་གིས་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏུའོ་ཅི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་14ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་4ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏུའོ་ཅི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲན་ཏུའོ་ཅི་དང་སྐུ་ཟླ་མེ་ལི་སཱ་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།
ཟླ་4ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏུའོ་ཅི་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲན་ཏུའོ་ཅི་དང་སྐུ་ཟླ་མེ་ལི་སཱ་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སུའུ་རི་ནམ་གྱི་ཙུང་ཐུང་ཧྲན་ཏུའོ་ཅི་དང་གྲོས་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ཀྲུང་སུའུ་ཡི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། སུའུ་རི་ནམ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་མཁན་དང་། ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན། ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་འགོད་མཁན་བཅས་ཀྱི་ཅ་ལེ་པིའི་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་རེད། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པས་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་སྔར་ལས་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་དམ་ཟབ་བཅས་བྱས་ནས་ཀྲུང་སུའུ་ཡི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་དམ་ཟབ་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་སུའུ་རི་ནམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་ཞིང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཀྲུང་གོ་ཕྱོགས་ནས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སུའུ་རི་ནམ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་ལ་སྲུང་སྐྱོང་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་ཚུགས་ངང་འདེམས་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ཕྱོགས་དང་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་དང་། སྡེ་ཚན་ཁག་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དབར་གྱི་མཛའ་གྲོགས་འགྲོ་འོང་ཟབ་གཏོང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བཅས་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་གྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ནང་འདྲེན་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། སུའུ་རི་ནམ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཚོང་དོན་དང་། མ་འཇོག ཞིང་ལས། ནུས་རྒྱུ། གཏེར་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་འདོད་ཡོད། སུའུ་རི་ནམ་ནི་ཅ་ལེ་པིའི་ས་ཁུལ་གྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད་ལ། ཀྲུང་གོའི་དཔྱིད་གསར་དུས་ཆེན་དེ་ཁྲིམས་གཏན་འཁེལ་བའི་གུང་གསེང་ལ་རྩི་མཁན་སའི་གོ་ལའི་ཕྱེད་ནུབ་མའི་རྒྱལ་ཁབ་ཐོག་མའང་རེད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་ལ་མུ་མཐུད་སྐུལ་མ་གཏོང་བ་དང་མི་སྣ་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་ནས། ཁུང་ཙི་སློབ་གླིང་ཐུན་མོང་ཐོག་འཛུགས་སྐྲུན་ཡག་པོ་བྱེད་དགོས། ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། ཅ་ལེ་པིའི་རྒྱལ་ཁབ་ཀྱིས་དར་རྒྱས་གོང་འཕེལ་དོན་གཉེར་དང་དམངས་ཚོགས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ས་ཁུལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་ནུས་པས་གང་ལྕོགས་ཀྱི་རོགས་རམ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཧྲན་ཏུའོ་ཅིས་སུའུ་ཀྲུང་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། སུའུ་རི་ནམ་གྱི་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པས་སུའུ་རི་ནམ་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། སུའུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་48སོང་རིང་། སུའུ་རི་ནམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་ཡི་ཡོད་ལ། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་ཡོང་བ་བྱེད་པར་མུ་མཐུད་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་སུའུ་རི་ནམ་གྱིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྩ་ཆེའི་རོགས་རམ་གནང་ཡོད། རྒྱལ་ཁབ་གཉིས་པོའི་ཞིང་ལས་དང་། འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ཐོག་ནས། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེ་བ་དང་སྤུན་ཟླའི་བརྩེ་དུང་དེ་བས་ཟབ་པ་མཚོན་གྱི་ཡོད། དེ་ལས་སུའུ་རི་ནམ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ལ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཡང་བཏོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་སོགས་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་བཏོན་གནང་བ་དང་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་གནང་བ་དེ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་འཛམ་གླིང་ཞི་བདེ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པས། སུའུ་རི་ནམ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། ད་ཐེངས་ཀྱི་འཚམས་འདྲི་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་སྲིད་ཏང་དབར་གྱི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་མ་འཇོག་དང་། ལྗང་མདོག་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་བཏང་ནས་སུའུ་ཀྲུང་གི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སུའུ་རི་ནམ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
   གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཚོང་དོན་མ་འཇོག་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་ཐུན་མོང་ཐོག་མིང་རྟགས་བཀོད་པའི་དཔང་པོ་གནང་བ་རེད།
    ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་རི་ནམ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས》སྤེལ་བ་རེད།
    གྲོས་མོལ་མ་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཧྲན་ཏུའོ་ཅི་དང་སྐུ་ཟླ་མེ་ལི་སཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
    ཧྲན་ཏུའོ་ཅི་འབྱོར་སྐབས་གུས་དམག་གིས་གྲལ་བསྒྲིགས་པོས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་སུའུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཧྲན་ཏུའོ་ཅིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
    ཉིན་དེའི་དགོང་མོ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཧྲན་ཏུའོ་ཅི་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།