འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་14ཉིན།

༄༅།།རང་རྒྱལ་གྱི་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར་8.51ཟིན་པ།

5Gསྦྲེལ་ཚུགས་ཀྱི་གྲངས་འབོར་གྱིས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་14ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་2པའི་ཟླ་མཇུག་བར། རང་རྒྱལ་གྱི་5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་8.51ཟིན་པ་དེ་4Gསྤྱོད་མཁན་ལས་ཁྲི་9000ལྷག་ཙམ་གྱིས་མང་བ་ཡོད།
    དྲ་རྒྱའི་རྨང་གཞི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ཟླ་2པའི་ཟླ་མཇུག་བར། རང་རྒྱལ་གྱི་5Gསྦྲེལ་ཚུགས་ཀྱི་གྲངས་འབོར་ཁྲི་350.9ཟིན་པ་དེས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུས“བརྡ་རྟགས་རིམ་སྤོར”གྱི་བྱ་སྤྱོད་དང་5Gཉེར་སྤྱོད་ཀྱི“གྲུ་གཡོར་སྒྲེང་པའི”བྱ་སྤྱོད་བསྟུད་མར་སྤེལ་བས། 5Gཁྱབ་ཚད་དང་སྤྱོད་ཚད་རྒྱུན་མཐུད་ངང་འཕར་ཡོད།
    5Gལག་རྩལ་མགྱོགས་མྱུར་རིམ་འཕེལ་བྱུང་ཞིང་། ཉིན་ཤས་གོང་། ཀྲུང་གོ་སྒུལ་བདེས་5G-Aཚོང་སྤྱོད་བཀོད་སྒྲིག་བྱེད་འགོ་བཙུགས་ནས། ཚོང་སྤྱོད་གྲོང་ཁྱེར་ཁག་དང་པོའི་མིང་ཐོ་100ཁྱབ་བསྒྲགས་བྱས་པ་དང་འབྲེལ། ལོ་འདིའི་ནང་གྲོང་ཁྱེར་300ལྷག་ཙམ་བར་རྒྱ་སྐྱེད་གཏོང་རྩིས་ཡོད་པ་རེད།
    5G-Aདེ་5Gདང་བསྡུར་ན་མྱུར་ཚད་དེ་བས་མགྱོགས་པ་དང་། འབྲེལ་མཐུད་དེ་བས་ལེགས་པ། དུས་ཚོད་དེ་བས་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། མིག་སྔར་ཀྲུང་གོ་སྒུལ་བདེས་སྣེ་ཁྲིད་དེ་5G-Aརྒྱལ་སྤྱིའི་ཚད་གཞི་60བཟོས་ཡོད་པ་དེས་གོ་ལ་ཧྲིལ་པོའི་གཉེར་སྐྱོང་ཚོང་པའི་ཨང་དང་པོར་སླེབས་ཡོད།
    5Gབཀོལ་སྤྱོད་མགྱོགས་མྱུར་རྒྱ་བསྐྱེད་བཏང་ཞིང་། ཟླ་བ་2པའི་ཟླ་མཇུག་བར། རང་རྒྱལ་གྱི་སྒུལ་བདེའི་དྲ་སྦྲེལ་གྱི་རྒྱུག་འབོར་རིམ་རྩིས་བྱས་ན་GBདུང་ཕྱུར་487.6ཟིན་པ་དེ་དུས་མཚུངས་ལས་16.6%འཕར་བའི་ནང་། 5Gསྤྱོད་མཁན་གྱི་མཐུད་འཇུག་རྒྱུག་འབོར་དུས་མཚུངས་ལས་59.8%འཕར་བ་དེས་བསྡུར་ཚད་53.3%བཟུང་ནས། སྤྱིའི་རྒྱུག་འབོར་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.6འཕར་བར་སྐུལ་ཁྲིད་བྱས་ཡོད། རྒྱལ་ཡོངས་ཀྱི་5Gརྟོག་བཟོའི་ཆེད་སྤྱོད་དྲ་བའི་གྲངས་འབོར་ཁྲི་3.3ལས་བརྒལ་བ་དེ་ལོ་གོང་མའི་དུས་མཚུངས་ཀྱི་ལྡབ་གཉིས་ལྷག་ཙམ་ཟིན་པ་དང་ལས་རིགས་ལ་ཕྱོགས་པའི་5Gབཀོལ་སྤྱོད་མཁོ་སྤྲོད་རྒྱུན་མཐུད་བྱེད་མང་དུ་སོང་ཡོད།