འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་14ཉིན།

༄༅།།ཇི་ལྟར་བྱས་ནས་རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་སམ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྲོག་རྩ་ཡིན་པའི་རྨོ་ཞིང་སྲུང་དགོས”ཞེས་ནན་བཤད་གནང་ཡོད། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“རྨོ་ཞིང་གི་དམར་ཐིག་ནན་སྲུང་གིས་རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད།
    “ཉེ་བའི་ལོ་ཤས་ནང་། རང་བྱུང་ཐོན་ཁུངས་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཅའ་ཁྲིམས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུན་རིང་གི་གཞི་རྩའི་ས་ཞིང་དབྱེ་འབྱེད་གཏན་འབེབས་བྱེད་པ། སྤྱོད་གོ་དོ་དམ་ལམ་ལུགས་ནན་པོ་བཟོ་བ། ལྟ་སྐུལ་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་ལྟ་འདོམས་ནན་པོ་བྱེད་པ་བཅས་བྱས་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན་ཡོད། བྱེད་ཐབས་རབ་དང་རིམ་པ་བརྒྱུད་རྨོ་ཞིང་གི་བསྡོམས་འབོར‘བསྟུད་མར་གསུམ་འཕར’མངོན་འགྱུར་བྱུང་ཡོད། རྨོ་ཞིང་བཟུང་གསབ་དོ་སྙོམས་སྲིད་ཇུས་ཀྱིས་ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་བཟུང་བའི་རྨོ་ཞིང་གི་གྱོང་གུན་ཁ་གསབ་ནུས་ལྡན་བྱེད་པ་དང་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་སྲུང་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད”ཅེས་རང་བྱུང་ཐོན་ཁུངས་པུའི་རྨོ་ཞིང་སྲུང་སྐྱོང་ལྟ་སྐུལ་སིའི་སི་ཀྲང་གཞོན་པ་དབྱང་ཀྲུའུ་ཧུའེ་ཡིས་བཤད།
    ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་མི་རེའི་ཆ་སྙོམས་རྨོ་ཞིང་ཉུང་བ་དང་། རྨོ་ཞིང་གི་སྤུས་ཚད་སྤྱི་ཡོངས་ནས་མཐོ་པོ་མེད་པ། རྨོ་ཞིང་གི་རྗེས་གྲབས་ཐོན་ཁུངས་མི་འདང་བ་བཅས་རེད། མིག་སྔར། རྨོ་ཞིང་བཟུང་སྤྱོད་དང་སྲུང་སྐྱོང་དབར་གྱི་འགལ་བ་དང་གནོན་ཤུགས་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དང་། རྨོ་ཞིང་གི་བསྡོམས་འབོར་ཉུང་བ་ནས་མང་དུ་གཏོང་བའི་རྨང་གཞི་ད་དུང་བརྟན་པོ་མེད་པ། ཞིང་ལས་མིན་པའི་འཛུགས་སྐྲུན་དང་ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་སྣ་ཚོགས་ཀྱི་རྨོ་ཞིང་བཟུང་སྤྱོད་ཀྱི་དགོས་མཁོ་སྔར་བཞིན་ཧ་ཅང་ཆེན་པོ་ཡོད་པ། ས་གནས་ཁ་ཤས་སུ་རྨོ་ཞིང་ཁ་གསབ་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་གནད་ལ་མ་འཁེལ་བ་མ་ཟད་ཐ་ན་རྣམ་པ་ཙམ་དུ་འགྱུར་བ་སོགས་བྱས་ཡོད། “རྨོ་ཞིང་བཟུང་གསབ་དོ་སྙོམས་དང་དེ་བཞིན་རྨོ་ཞིང་སྲུང་སྐྱོང་ཁྲོད་ལྷག་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བརྒྱུད་རིམ་ལྡན་པའི་སྒྱུར་བཅོས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་དབྱང་ཀྲུའུ་ཧུའེ་ཡིས་བཤད།
   འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང“རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུ”དང“རྨོ་ཞིང་བཟུང་གསབ་དོ་སྙོམས་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི”ཐད་བཀོད་སྒྲིག་བླང་བྱ་ཁ་གསལ་བཏོན་ཡོད། རང་བྱུང་ཐོན་ཁུངས་པུའུ་ཡིས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བསྲུང་རྒྱུ་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ཏེ་འདི་ལོ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་།
    ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། བཟུང་གསབ་དོ་སྙོམས་ཀྱི་སྒྱུར་བཅོས་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས“རྒྱལ་ཁབ་ཀྱིས་སྤྱི་འབོར་ལ་དོ་དམ་བྱེད་པ་དང་། ཞིང་ཆེན་རིམ་པས་སྤྱིའི་འགན་འཁྲི་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ”བཅས་ཀྱི་རྨོ་ཞིང་བཟུང་གསབ་དོ་སྙོམས་ཀྱི་ལམ་སྲོལ་གསར་པ་ཕྱོགས་ཡོངས་ནས་བཙུགས་ཏེ་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
   རང་བྱུང་ཐོན་ཁུངས་པུས་སྒྱུར་བཅོས་བྱེད་ཐབས་ཁག་གཙོ་གནད་དུ་དོན་འཁྱོལ་ཡག་པོ་བྱ་རྒྱུ་སྟེ། རྨོ་ཞིང་བཟུང་གསབ་དོ་སྙོམས་ཀྱི་དོ་དམ་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་དང་། ནགས་བཟོ་དང་ཤིང་འཛུགས། ཤིང་འབྲས་འདེབས་པ་དང་ཇ་འདེབས་སོགས་རྨོ་ཞིང་བཟུང་སྤྱོད་ཀྱི་བྱ་སྤྱོད་སྣ་ཚོགས་རྨོ་ཞིང་བཟུང་གསབ་དོ་སྙོམས་ཀྱི་དོ་དམ་ནང་འཇུག་རྒྱུ་ས་ཞིང་བ་ཚ་ཅན་སོགས་བེད་སྤྱོད་མ་བྱས་པའི་ས་ཆ་དང་། ཕན་འབྲས་དམའ་བའི་བེད་མེད་འཛུགས་སྐྲུན་ས་ཆ། དེ་བཞིན་སྤུས་ལེགས་རྨོ་ཞིང་དུ་སླར་གསོ་བྱ་རྒྱུར་འཚམ་པའི་ལྡུམ་རའི་ས་ཆ་དང་། ནགས་ས། རྩྭ་ཐང་སོགས་ཞིང་སྤྱོད་ས་ཆ་གཞན་དག་གཅིག་གྱུར་གྱིས་རྨོ་ཞིང་ཁ་གསབ་ཀྱི་འབྱུང་ཁུངས་སུ་བརྩི་རྒྱུ་རེད། “གསབ་བལྟོས་བཟུང་འཇོག”མཐའ་འཁྱོངས་བྱས་ཏེ་རྨོ་ཞིང་གི་བསྡོམས་འབོར་འགུལ་རྣམ་དོ་སྙོམས་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་ཆེན་གྱི་ཁོངས་གཏོགས་སུ་རྨོ་ཞིང་འཕར་ཚད་ཁེ་གཙང་བརྟན་པོར་སྤྱོད་རྒྱུ་དེ་ལོ་འཁོར་རྗེས་མའི་ཞིང་ལས་མིན་པའི་འཛུགས་སྐྲུན་ཁྲོད་རྨོ་ཞིང་བཟུང་སྤྱོད་བྱེད་ཆོག་པའི་གཞི་ཁྱོན་གྱི་མཐོ་ཤོས་སུ་བརྩི་རྒྱུ་དང་རྨོ་ཞིང་གི་ཁ་གསབ་སྐུལ་སློང་བྱེད་ཤུགས་ཆེ་རུ་བཏང་ནས་རྨོ་ཞིང་ཁ་གསབ་ཀྱི་འགྲོ་གྲོན་གཙོ་བོ་རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་འཛུགས་སྐྱོང་ཐད་སྤྱོད་རྒྱུ་དང་འབྲེལ་ཡོད་བྱེད་པོའི་རྨོ་ཞིང་སྲུང་སྐྱོང་གི་ཧུར་སེམས་སྐུལ་སློང་བྱ་རྒྱུ་རེད། རྨོ་ཞིང་གི་སྤུས་ཚད་ཁ་གསབ་ཞིབ་བཤེར་རྩིས་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་རྨོ་ཞིང་གི་སྤུས་ཚད་ཁ་གསབ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྨོ་ཞིང་གི་སྤུས་ཚད་ཁ་གསབ་ཞིབ་བཤེར་རྩིས་ལེན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤུས་ཚད་ཀྱི་བཙན་ཐབས་འཆུན་འདོམས་ཆེ་རུ་གཏོང་རྒྱུ་རེད།
   དབྱང་ཀྲུའུ་ཧུའེ་ཡིས་གོམ་སྟབས་རྗེས་མར། རང་བྱུང་ཐོན་ཁུངས་པུས་རྨོ་ཞིང་མུའུ་དུང་ཕྱུར་18སྲུང་སྐྱོང་གི་དམར་ཐིག་མུ་མཐུད་དམ་འཛིན་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་སྤུས་འབོར་གལ་ཆེ་མཉམ་དུ་འཛིན་པ་དང་། ཁྲིམས་སྒྱུར་ནན་པོ་བྱེད་པ། བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ། རྒྱུན་མཐུད་བེད་སྤྱོད་སོགས་ཀྱི་བླང་བྱ་གལ་ཆེན་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས“སྤྱི་འབོར་བརྟན་པོ་དང་། བཀོད་སྒྲིག་ལེགས་སྒྱུར། འགན་འཁྲི་བརྟན་གཏོང”བཅས་ཀྱི་ལས་འགན་གསུམ་དོན་འཁྱོལ་བྱས་ནས“གསར་འཕར་ཚོད་འཛིན་ནན་པོ་དང་། གསོག་ཐེབས་ཕན་སྒྱུར། ཁྲིམས་སྒྱུར་ནན་པོ”བཅས་ལྷུ་ཚིགས་གསུམ་ལ་དམ་འཛིན་ནན་པོ་བྱས་ཏེ་རྨོ་ཞིང་བཅོས་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རྨོ་ཞིང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།