འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་12ཉིན།

༄༅།།བགྲེས་སོང་ཀུན་བཟང་དང་རྡོ་རྗེ་དོན་གྲུབ་ཀྱིས་གླུ་གཞས་བཏང་ནས་ཐུགས་རྗེ་ཆེ་ཞུ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་12ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    བདེ་སྐྱིད་ལྡན་པའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར།
    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལུའུ་ཝུན་ཅིན། སྐལ་བཟང་ལྷུན་གྲུབ། དབྱངས་ཅན།
    ཞོགས་པའི་ཉི་ཟེར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རབ་གསལ་སྡེ་ཁུལ་གྱི་ར་སྒ་སྨད་སྒོ་ར་ཆེན་པོར་འཕྲོས་ཤིང་། ལོ་79ལ་སླེབས་པའི་བགྲེས་སོང་ཀུན་བཟང་གིས《པེ་ཅིང་གསེར་གྱི་རི་ལ》ཞེས་པའི་གླུ་ལེན་གྱིན་དུ་མེ་ཏོག་ལ་ཆུ་རྒྱག་བཞིན་འདུག
    “ང་1945ལོར་བོད་རྙིང་པར་སྐྱེས་པ་དང་། སྟབས་ལེགས་པ་ཞིག་ལ་དར་དམར་འོག་འཚར་ལོངས་ཡོང་བའི་སྐལ་བཟང་ཐོབ་བྱུང” བགྲེས་སོང་ཀུན་བཟང་གིས་ང་ལོ་17ལ་སླེབས་སྐབས་དམག་དཔུང་ནང་ཞུགས་རྒྱུ་བྱུང་ནས་ཤེས་བྱ་རིག་གནས་དང་རྩལ་ནུས་སྣ་ཚོགས་སྦྱོང་བའི་གོ་སྐབས་ཡག་པོ་རག་བྱུང་། དུས་དེ་ནས་བཟུང་རང་ཉིད་དང་ནང་མི་ཡོངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་སོང་ཞེས་བཤད།
   1991ལོར་རྒན་ཡོལ་ཞུས་པའི་ཀུན་བཟང་གིས་བར་སྐོར་ཁྲོམ་གཞུང་ནས་ཁང་པ་གསར་པ་ཞིག་ཉོས་ཏེ་ལྷ་སར་གཞིས་ཆགས།
    “ཆུ་འགྲོ་དང་གློག་སྐུད་རྙིང་པ་ཡིན་པས་གནད་དོན་མང་བ་དང་། སྲང་ལམ་གུ་དོག་པ། ལམ་ངོས་འབར་འབུར་ཆེ་བ། བཙོག་ཆུ་གང་སར་ལུད་ནས་ཕྱིར་འབུད་དཀའ་བ་བཅས་ཡོད” ལོ་ཟླ་རིམ་བཞིན་སོང་བ་དང་བསྟུན་ནས་གྲོང་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་གལ་ཆེན་པོ་ཡིན་པ་ཀུན་བཟང་དང་གྲོང་པ་ཁྱིམ་མཚེས་ཀུན་གྱིས་ཤེས་ཀྱི་ཡོད། དེ་དུས་ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན་ཞན་པ་དང་། འཐུང་ཆུ་ལེན་དཀའ་བ། འགྲོ་སྐྱོད་དཀའ་བ། གསང་སྤྱོད་དཀོན་པ་བཅས་ཀྱི་རྣམ་པ་གསལ་པོར་མཚོན་ཆེད་ཚང་མས་ཆོབ་ཚ་བའི་ཁ་རྒྱུན་སྙན་ཚིག་ཁ་ཤས་བཟོས་ཡོད།
    “ཏང་དང་སྲིད་གཞུང་གིས་ང་ཚོའི་འདུན་པ་རྟོགས་ནས་སེམས་ནང་བཞག་ཡོད” ཀུན་བཟང་གིས་2002ལོར་རྒྱལ་ཁབ་ཀྱིས་ཆེད་དངུལ་སྒོར་དུང་ཕྱུར་1.69བཏང་ནས་གྲོང་ཁུལ་རྙིང་པའི་འགྲོ་ལམ་དང་ས་འོག་ཆུ་འགྲོ་སོགས་ལ་སྒྱུར་བཀོད་བྱས་ཡོད། 2012ལོའི་ལོ་མཇུག་ཏུ་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་15བཏང་ནས་ལྷ་སའི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་བཙུགས་ཏེ། གྲོང་ཁུལ་རྙིང་པའི་ས་འོག་ཕྱོགས་བསྡུས་སྐུད་ལམ་དང་། ས་འོག་ཆུ་འགྲོ། མེ་ཟོན་གྱི་མངོན་མེད་རྐྱེན་ངན་སོགས་ལ་སྒྱུར་བཀོད་དང་བཅོས་སྒྲིག་བྱས་པ་དང་། སྒྱུར་བཀོད་ཐེངས་གཉིས་བྱས་པ་བརྒྱུད་གྲོང་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པ་དང་གྲོང་མིའི་འཚོ་བ་དང་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།
    དཀའ་སྡུག་གི་ལོ་ཟླ་བརྒྱུད་མྱོང་བས་ད་གཟོད་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་བས་གསལ་པོར་ཤེས་ཐུབ། ལོ་རྒྱུས་ཀྱི་དཔང་པོ་བྱེད་མཁན་དང་དམངས་གཙོའི་བཅོས་སྒྱུར་དངོས་སུ་བརྒྱུད་མྱོང་བའི་ཀུན་བཟང་ད་ཆ་ལོ་རྒན་བརྒྱད་ཅུར་སླེབས་ལ་ཉེ་བ་དང་ཁོང་གིས་སྔར་མུས་བཞིན་དུས་བདེ་ལྷིང་འཇགས་དང་བདེ་སྐྱིད་ལྡན་པའི་རྒན་ཡོལ་གྱི་འཚོ་བར་རོལ་བཞིན་ཡོད།
    གལ་སྲིད་ཀུན་བཟང་ནི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དངོས་སུ་བརྒྱུད་མྱོང་མཁན་དང་ལོ་རྒྱུས་ཀྱི་དཔང་པོ་ཡིན་ཞེས་བརྗོད་ན། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་གཞོན་ནུ་གླུ་གཞས་མཁས་ཅན་རྡོ་རྗེ་དོན་གྲུབ་ནི་བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལས་ཕན་པ་འཐོབ་མཁན་ཞིག་རེད།
    1992ལོར་རྡོ་རྗེ་དོན་གྲུབ་བོད་ལྗོངས་མི་རིགས་སློབ་གླིང་གི་དྲུང་ཡིག་ཆེད་ལས་ནས་སློབ་མཐར་ཕྱིན་ཏེ་མངའ་རིས་ས་ཁུལ་རིག་རྩལ་ཚོགས་པའི་གཞས་པ་ཞིག་ཏུ་གྱུར།
   བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་རིང་བོད་ཀྱི་རོལ་དབྱངས་ཀྱང་གསར་རྩོམ་དང་། འཁྲབ་སྟོན། སྤེལ་རེས། སློབ་གསོ། ཤེས་ལྡན་པ་གསོ་སྐྱོང་། སྒྲིག་གཞི་འཛུགས་སྐྱོང་། ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་སུ་ཡར་རྒྱས་དང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
    1993ལོ་ནས་2004ལོའི་བར་རྡོ་རྗེ་དོན་གྲུབ་ཀྱིས་སྔ་རྗེས་སུ་བོད་ལྗོངས་སྒྱུ་རྩལ་སློབ་གྲྭའི་གླུ་དབྱངས་རིགས་པའི་གཞུང་ལུགས་ཟབ་སྦྱོང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གླུ་དབྱངས་ཆེད་ལས་ཀྱི་སློབ་སྦྱོང་ལེགས་གྲུབ་བྱུང་ནས་ཆེད་ལས་ཀྱི་སྐྱེས་པའི་སྒྲ་གདངས་མཐོ་བའི་གཞས་པ་ཞིག་ཏུ་གྱུར།
   “བོད་རྙིང་པར་ཞིང་བྲན་ལ་སློབ་གསོ་མྱོང་བའི་དབང་ཆ་མེད་པ་དང་། སྐབས་དེ་དུས་གཞོན་ནུ་དང་དར་མ་ཡིག་རྨོངས་ཡིན་ཚད་95%ཡན་ཟིན་གྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚུད་པའི་དེང་རབས་སློབ་གསོའི་མ་ལག་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་སློབ་སྦྱོང་དང་སློབ་གསོ་དང་ལེན་བྱེད་དབང་མེད་པའི་ཞིང་བྲན་དང་དེའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ཤེས་ཡོན་དང་རིག་གནས་སྦྱོང་འགོ་བརྩམས་ཏེ། ཤེས་ཡོན་ཅན་དང་། ཆེད་ལས་རྐང་འཛིན་པ། ལག་རྩལ་མཁས་ཅན་བཅས་སུ་གྱུར་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད་ཅེས་པཱ་ལགས་ཀྱིས་གསུངས་མྱོང་ཡོད” རྡོ་རྗེ་དོན་གྲུབ་ཀྱིས་རྒྱུན་དུ་པཱ་ལགས་ཀྱིས་ངར་སློབ་གྲྭ་དང་ལས་ཀར་འགྲོ་བའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་མངག་བྱ་ཡང་ཡང་གནང་གི་ཡོད།
    ལས་ཀ་རག་པ་ནས་བཟུང་རྡོ་རྗེ་དོན་གྲུབ་ཀྱིས《གནའ་ཉམས་བསྟོད་གླུར་ལེན》དང་། 《ལས་དབང་བཟང་པོས་ཚེ་གང་གཏན་དུ་འགྲོགས》 《ཁྱིམ་བོད་དུ་ཡོད》སོགས་གླུ་གཞས་མང་པོ་བཏོན་པ་དང་། གླུ་གཞས་རེ་རེ་ལས་ཁོང་གིས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་འདུས་ཡོད།
    “ངས་གླུ་གཞས་ནས་ལྷ་སའི་འཕེལ་རྒྱས་དང་འགྱུར་ལྡོག་དང་བོད་ལྗོངས་གསར་པའི་མཛེས་སྡུག་མཚོན་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་སྐྱེ་སྟོབས་རབ་ཏུ་འཕེལ་བ་དང་འཛད་མཐའ་མེད་པའི་གསོན་ཤུགས་མངོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་རྡོ་རྗེ་དོན་གྲུབ་ཀྱིས་གླེང་ཞོར་དུ《ཁྱིམ་བོད་དུ་ཡོད》ཅེས་པ་བླངས་པ་དང་། གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་ལས་ཏང་ཀྲུང་དབྱང་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་གྱི་ཡོད།