འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་ཡིས་ཀྲུང་པར་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་
བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་འཚོགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་དང་པར་ཙིར་ངལ་རྩོལ་བཟོ་པའི་ཏང་གི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་ངལ་རྩོལ་བཟོ་པའི་ཏང་གི་མཚན་འཛིན་ཀྲུའུ་ཞི་དང་ཙུང་ཐུང་ལུའུ་ལ་ཡིས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སོ་སོར་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། 2022ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་གསལ་པོ་བསྟན་ཡོད། 2023ལོའི་ཟླ་དང་པོར་པར་ཙིར་ངལ་རྩོལ་བཟོ་པའི་ཏང་གིས་སླར་ཡང་སྲིད་སྐྱོང་རྗེས“འཕར་མགྱོགས་སུ་གཏོང་བའི་འཆར་གཞི”དང“བཟོ་ལས་གསར་པའི་འཆར་གཞི”སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་གཞོལ་ཡོད། ད་ཐེངས་ཀྲུང་པར་ཏང་གཉིས་ཀྱིས“སྲིད་སྐྱོང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་བྱས་པ་དེ་ནི་དུས་ལ་འཁེལ་བ་ཞིག་ཡིན་པས་སྲིད་སྐྱོང་ཏང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རང་ཉིད་ཀྱི་རྒྱལ་བབ་དང་མཐུན་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་པར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དང་པར་ཙིར་ངལ་རྩོལ་བཟོ་པའི་ཏང་དབར་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་པར་ཙིར་ངལ་རྩོལ་བཟོ་པའི་ཏང་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་གཏིང་ཟབ་ཏུ་བཏང་ནས་རང་སོ་སོའི་ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་པར་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ལུའུ་ལ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་། འདི་ལོ་པར་ཀྲུང་གིས་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་བསུ་བ་ཞུ་རྒྱུ་ཡིན་པས་དེ་ནི་ཕྱོགས་གཉིས་པོས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་ཚད་ལ་ཕྱོགས་ནས་སྤེལ་རེས་མཉམ་ལས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་ལོ་50ཡང་ཡིན། ན་ནིང་ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་བ་ཡིན། པར་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཙམ་མ་ཟད་ཐ་ན་འཛམ་གླིང་ཡོངས་ལ་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། ང་ཚོས་མཉམ་ལས་བྱས་པ་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་སོགས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་སྲོལ་རྒྱུན་ལམ་སྲོལ་སྲ་བརྟན་དུ་གཏོང་བ་དང་དུས་མཚུངས“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོ”དང་། འབོ་གསེར་རྒྱལ་ཁབ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས། “རྨང་གཞིའི་རྒྱལ་ཁབ་བཞི”སོགས་ལྷོ་ལྷོ་མཉམ་ལས་ཀྱི་འགག་རྩའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་གི་ཡིན། པར་ཙིར་ངལ་རྩོལ་བཟོ་པའི་ཏང་དང་ཀྲུང་གོ་གུང་ཁྲན་ཏང་དབར་གྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ད་ཐེངས་ངལ་རྩོལ་བཟོ་པའི་ཏང་གི་མཐོ་རིམ་ལས་བྱེད་པའི་རྟོག་ཞིབ་ཚོགས་པས་ཀྲུང་གོར་འཚམས་འདྲི་བྱས་པ་དང་འབྲེལ་ཀྲུང་གོ་གུང་ཁྲན་ཏང་དང་པར་ཙིར་ངལ་རྩོལ་བཟོ་པའི་ཏང་གི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བདུན་པར་ཞུགས་ཡོད། དེའི་དམིགས་ཡུལ་ནི་ཀྲུང་གུང་དང་རྒྱལ་སྲིད་་སྐྱོང་ལུགས་སྐོར་ཉམས་མྱོང་སྤེལ་རེས་བྱེད་པ་དང་འབྲེལ་ཐུན་མོང་ཐོག་གླེང་འདོད་པའི་གྲོས་གཞིར་གྲོས་བསྡུར་དང་མཉམ་ལས་གཏིང་ཟབ་བྱ་ཆེད་རེད། ང་ཚོ་ཕྱོགས་གཉིས་པོར་གཅིག་མཐུན་དང་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་རག་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། པར་ཀྲུང་ཏང་གཉིས་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བཅས་དབར་གྱི་སྤེལ་རེས་སྔར་བས་དམ་ཟབ་ཡོང་བ་དང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་རྒྱུ་རེད།
     (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)