འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཞི་ཅིན་ཕིང་གིས“རྔོན་ཁྲའི་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས། འཛམ་གླིང་ཐོག་འཇིགས་རྒོལ་གྱི་
དམིགས་བསལ་དམག་འཐབ་ཀྱི་ལུའེ་ཤོག་རྩེ་གྲ་ཞིག་ཧུར་ཐག་བཏོད་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་
མི་དམངས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་གྲ་སྒྲིག་བྱེད་དགོས་པའི་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“རྔོན་ཁྲའི་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ལོ་10ཡི་གོང་ཁྱེད་ཚོར་དར་ཆ་སྤྲད་པའི་རྣམ་པ་ངས་ད་དུང་གསལ་པོར་ངེས་ཀྱི་འདུག ལོ་བཅུའི་རིང་ཁྱེད་ཚོས་བློ་བརྟན་འགྱུར་མེད་ངང་དར་ཆ་བསྒྲེངས་ནས་བློ་སྦྱོང་གིས་དཀའ་ངལ་ཁྱད་དུ་བསད་ནས་དམིགས་བསལ་དམག་འཐབ་ཀྱི་འཇོན་ཐང་སྦྱངས་ཏེ། ཕྲག་ཏུ་འཁུར་བའི་ལས་འགན་ལེགས་པར་སྒྲུབ་པ་ཤེས་རྗེས་ང་ཧ་ཅང་དགའ་པོ་བྱུང་།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དམིགས་བསལ་དམག་འཐབ་དཔུང་སྡེས་དམིགས་བསལ་གྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་ཆབ་སྲིད་དང་དམག་དོན་ཐད་ཉམས་སད་ཆེན་པོ་ཐེག་ཐུབ་པ་དགོས། རེ་བར་ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་ཟམ་མི་ཆད་པར་ཞུན་བརྡར་དང་། དངོས་འཐབ་ཅན་གྱི་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་ཐོག་གི་འཇིགས་རྒོལ་གྱི་དམིགས་བསལ་དམག་འཐབ་ཀྱི་ལུའེ་ཤོག་རྩེ་གྲ་ཞིག་ཧུར་ཐག་གཏོད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་གྲ་སྒྲིག་བྱེད་དགོས།
     “རྔོན་ཁྲའི་འཕྲལ་རྒོལ་རུ་ཁག”ནི་རྒྱལ་ཁབ་རིམ་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་དཔུང་སྡེ་རྩེ་གྲ་ཞིག་ཡིན་ཞིང་། 2014ལོའི་ཟླ་4པར། ཞི་ཅིན་ཕིང་སྐུ་ངོ་མས་དཔུང་སྡེ་དེར་དར་ཆ་གནང་ནས་མཛུབ་སྟོན་གལ་ཆེན་གནང་བ་རེད། ལོ་10ཡི་རིང་། དཔུང་སྡེ་དེས་སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་ཀྱིས་འཇིགས་རྒོལ་བརྟན་ལྷིང་སྲུང་སྐྱོང་དང་། མཉམ་འབྲེལ་ནང་སྦྱོང་དང་སྦྱོང་བརྡར། བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་འགན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་ངང་ལེགས་གྲུབ་བྱས་ཏེ་རྒྱལ་སྤྱིའི་ཆེད་ལས་དམག་དཔུང་གི་དྲག་རྩལ་འགྲན་བསྡུར་ནང་རྣམ་གྲངས་20ལྷག་ཙམ་གྱི་ཨང་དང་པོ་བླངས་པས། ཀྲུང་དབྱང་དམག་ཨུད་ཀྱིས“དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ཚན་པའི”གཟེངས་བསྟོད་བྱས་པ་དང་། མི་ཐེངས་7ལ་སྔ་རྗེས་སུ་རྒྱལ་ཡོངས་དང་དམག་ཡོངས་ཀྱི་གཟེངས་བསྟོད་ཐོབ་པ། མི་ཐེངས་10ལ་བྱས་རྗེས་རིམ་པ་དང་པོ་ཐོབ་པ། མི་ཐེངས་17ལ་བྱས་རྗེས་རིམ་པ་གཉིས་པ་ཐོབ་ཡོད། ཉེ་ཆར“རྔོན་ཁྲའི་འཕྲལ་རྒོལ་རུ་ཁག”གི་རུ་མི་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། དཔུང་སྡེ་འཛུགས་སྐྱོང་དང་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་ཏེ་འཇིགས་རྒོལ་གྱི་དཔུང་སྡེ་རྩེ་གྲ་ཞིག་བྱེད་པ་དང་ལས་འགན་མཐའ་གཅིག་ཏུ་སྒྲུབ་པའི་དད་སེམས་དང་ཆོད་སེམས་མཚོན་པར་བྱས་ཡོད། 
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)