འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་མཇལ་འཛོམས་གནང་བ།
ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་མཇལ་འཛོམས་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ལཱ་ཕུའུ་ལུའོ་ཕུའུ་ལ་ངས་ཙུང་ཐུང་ཕུའུ་ཅིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་གྱི་འགྲོ་ལམ་གསར་རྐྱང་ཞིག་བཏོད་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་བློ་གྲོས་དང་སྟོབས་ཤུགས་ཀྱང་སྐྱེས་སུ་ཕུལ་ཡོད། ང་དང་ཙུང་ཐུང་ཕུའུ་ཅིང་གཉིས་པོས་མུ་མཐུད་འགྲོ་འོང་དམ་ཟབ་བྱས་ནས། ཀྲུང་ཨུའི་འབྲེལ་བ་དེ་ཉིད་ཐོག་མཐའ་བར་གསུམ་དུ་བདེ་བླག་དང་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་ཨུའི་རིག་གནས་ལོའི་བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ཏེ། ང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཨུ་རུ་སུ་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་། དེ་བཞིན་ཨུ་རུ་སུ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཨུ་རུ་སུ་ཕྱོགས་དང་ཕྱོགས་གཉིས་དབར་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། འབོ་གསེར་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐེག་པ་ཁུར་ལེན་དེ་བས་མང་བ་མངོན་པར་བྱེད་པ། འདྲ་མཉམ་དང་། སྒོ་དབྱེ། ཁ་གསལ། བསྟུན་མཁས་བཅས་ཀྱི་སྙིང་སྟོབས་ཐོག་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་མཐུན་སྒྲིལ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྣེ་ཁྲིད་ནུས་ལྡན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ལཱ་ཕུའུ་ལུའོ་ཕུའུ་ཡིས་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་ཞུ་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་ཁབ་གཞན་དག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་གོ་སྐབས་གལ་ཆེན་མཁོ་འདོན་གནང་བས་ཨུ་རུ་སུ་ཕྱོགས་ནས་བརྩི་འཇོག་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ཨུ་རུ་སུའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་ཚུད་བྱེད་ཕྱོགས་ནི་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་བརྟན་དུ་དང་ལེགས་སུ་གཏོང་རྒྱུ་དེ་ཡིན། ཙུང་ཐུང་ཕུའུ་ཅིང་སླར་ཡང་ཙུང་ཐུང་ལ་བདེ་བླག་ངང་བདམས་ཐོན་བྱུང་བ་ལས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་རྒྱུན་མཐུད་རང་བཞིན་ལ་འགན་ལེན་བྱུང་ཡོད། ཨུ་ཀྲུང་གི་འབྲེལ་བ་ནི་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་བཙུགས་ཤིང་། དེ་འཇམ་འཐབ་དུས་སྐབས་ཀྱི་མནའ་མཐུན་འབྲེལ་བ་ལས་ལྷག་པ་ཡོད་ལ་མཉེན་ཆ་ཧ་ཅང་ཆེན་པོ་ལྡན་པའང་མངོན་གྱི་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཕྱོགས་གཉིས་དང་ཕྱོགས་མང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་གཞན་དག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། དེ་བས་དྲང་གཞག་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཆགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)