འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།གངས་ལྗོངས་ཀྱི“ཁམ་བུའི་མེ་ཏོག་ལྡུམ་རར”བསྐྱོད་པ།

—— མཚོ་བོད་ས་མཐོའི་གྲོང་གསེབ་འཕེལ་རྒྱས་སྐོར་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་རི་ཀླུང་གང་སར་ཁམ་སྡོང་ཁྲི་སྟོང་མང་པོར་མེ་ཏོག་རབ་ཏུ་བཞད་དེ་སྤྲིན་དཀར་ཚོམ་བུ་ས་ལ་འཕོས་པ་ལྟར་དུ་སྣང་བས་ཡུལ་སྐོར་བ་མང་པོའི་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག 2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་གཟིགས་ཞིབ་ལ་ཕེབས་སྐབས“འདི་ནི་མེས་པོས་ཁྱེད་ཚོར་བཞག་པའི་ཕན་བདེ་དང་། ཁྱེད་ཚོར་བཞག་པའི་ཁམ་བུའི་མེ་ཏོག་ལྡུམ་ར་ཞིག་རེད”ཅེས་གསུངས་ཡོད།
    གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་བཞད། གང་ས་གང་ནས་དགའ་བའི་འཛུམ་མདངས་འཕྱུར། ངོ་མཚར་ཆེ་ཞིང་ལྟ་ན་སྡུག་པའི་མཚོ་བོད་ས་མཐོའི་ས་གཞི་ཆེན་པོར་གྲོང་གསེབ་ཀྱི་འཕེལ་རྒྱས་ནི་པིར་ལས་འཁྲུངས་པའི་རི་མོ་ལྟར་དུ་སྣང་ལ་མང་ཚོགས་ཀྱི་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པ་དང་མི་རིགས་མཐུན་སྒྲིལ་སྔར་བས་བརྟན་པོ་ཞིག་ཡོད།
     ཁམ་སྡོང་འོག་ཏུ་མ་འོངས་ཕུགས་འདུན་གླེང་།
    【“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་པར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་གར་སྐྱེ་ཁམས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད —— ཞི་ཅིན་ཕིང”】
     དཔྱིད་ཀ་དལ་བ་དལ་བུར་ཤར་བས་ཡར་ཀླུང་གཙང་པོའི་འགྲམ་ངོགས་ནས་ཉིང་ཁྲིའི་ཤར་ལྷོའི་རྒྱུད་ཀྱི་ལུང་ཤུར་དུ་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ཞིང་ཡུལ་ལྗོངས་ལྟ་བས་མི་ངོམས་པར་གྱུར།
     “ཁམ་བུའི་མེ་ཏོག་གི་ལྡུམ་ར”ཀ་ལ་གྲོང་ཚོར་ལོ་གཅིག་གི་འདུ་འཛི་ཆེ་ཤོས་ཀྱི་དུས་ཤར།
    རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་ཡིད་སྨོན་སྐྱེས་ནས་དེ་གར་ལྟ་བར་འོང་ཞིང་། ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཁྱེར་གྱི་ཀྲང་ཞའོ་བཟའ་ཚོ་གཉིས་པོས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་ཡུལ་ལྗོངས་ལ་ལན་གཅིག་ལྟ་བའི་ཆེད་དུ། སྤྱི་ལེ་3000ལྷག་ཙམ་རླངས་འཁོར་བཏང་ནས་ཡོང་བ་རེད།
    “ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་ཞུགས་པའི་ཆེད་དུ་ཟླ་གསུམ་གྱི་སྔ་སྣུར་ནས་མགྲོན་ཁང་མངགས་པ་ཡིན”ཞེས་ཀྲང་ཞའོ་ཡིས་སྤྲོ་སེམས་ཆེན་པོས་གསར་འགོད་པར་བཤད།
   ཀ་ལ་གྲོང་ཚོ་ནི་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལས་འཕེལ་རྒྱས་མྱུར་པོ་བྱུང་བའི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས། 2023ལོར་གྲོང་ཚོ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་11ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་341ལྷག་ཙམ་བྱུང་བ་དང་། ད་ལོ་ཡུལ་སྐོར་བ་དེ་སྔ་ལས་མང་བས་ཡོང་འབབ་ཀྱང་མང་བ་ཡོང་བཟོ་འདུག་ཅེས་ངོ་སྤྲོད་བྱས།
    གྲོང་མི་ཞིག་གིས། ལོ་བཅུ་གྲངས་གོང་། གྲོང་ཚོའི་ལམ་བུར་འདམ་རྫབ་དང་ལྕི་བས་ཁེངས་ཤིང་། ས་རྡོ་བཤུད་པ་དང་འདམ་རྡོའི་ཆུ་རུད་སོགས་རྟག་ཏུ་ཐོན་གྱི་ཡོད། ལོ་ལྟར་དགུན་ཁ་ཁྱིམ་ཚང་ཚང་མས་རི་སྟེང་དུ་ཁམ་སྡོང་གཅོད་པར་ཕྱིན་ནས་མེ་ཤིང་གསོག་དགོས་ལ་ཡོང་འབབ་ཀྱང་གསོག་དགོས་ཀྱི་ཡོད་ཅེས་གསར་འགོད་པར་བཤད།
    2014ལོ་ནས་བཟུང་སྣང་ཚུལ་དེར་འགྱུར་ལྡོག་བྱུང་བ་སྟེ། ལོ་དེར་ཀ་ལ་གྲོང་ཚོར་ཁོར་ཡུག་བཅོས་སྐྱོང་བྱེད་འགོ་ཚུགས་ནས་མི་ཕྱུགས་ལོགས་སུ་དབྱེ། ལྗོངས་གཟིགས་སྒང་སྐྲུན་པ་དང་། ཨར་འདམ་ལམ་འདིང་བ། མདོང་ལམ་འདྲུ་བ། སྔོ་འགྱུར་མཛེས་བཟོ་བྱེད་པ། འབྲས་ཤིང་སྒོ་ར་འཛུགས་སྐྲུན་སོགས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཀྱི་མཚན་སྙན་གྲགས་ཀྱང་ཆེ་རུ་སོང་བ་རེད།
     ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་བ་མང་པོ་ཕྱོགས་བཞི་མཚམས་བརྒྱད་ནས་ཀ་ལ་གྲོང་ཚོར་ལྟ་བར་ཡོང་གི་ཡོད། “ཤར་རླུང”དེ་དང་བསྟུན་ནས་ཀ་ལ་གྲོང་ཚོས་སྐྱེ་ཁམས་ཀྱི་རིན་ཐང་སྒྱུར་ཐབས་བཙལ་ཏེ་ཞིང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་རྣམ་གྲངས་འཛུགས་སྐྲུན་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་བཏང་བ་དང་ཆབས་ཅིག ཤིང་འབྲས་འཐུ་བའི་ར་བ་དང་པད་ཁའི་མེ་ཏོག་མྱོང་རོལ་སོགས་ཀྱི་རྣམ་གྲངས་ཀྱང་འཕེལ་རྒྱས་བཏང་ཞིང་། 2023ལོར་ཀ་ལ་གྲོང་ཚོའི་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་11.4བགོས་ཡོད་པ་རེད།
   ཁ་གཏད་རོགས་སྐྱོར་བྱས་ཏེ་ཞིང་ལས་དར་རྒྱས་བཏང་།
    【“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་སྲིད་ཇུས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་ལ། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས —— ཞི་ཅིན་ཕིང”】
    ས་བབ་མཐོ་ཚད་སྨི་2900ལྷག་ཙམ་ཟིན་པའི་ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་གཅིག་ལ་གཅིག་འགྲན་གྱིས་བཞད་པའི་སྐབས་སུ། ས་བབ་མཐོ་ཚད་སྨི་4000ཙམ་ཟིན་པའི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཨ་ཡ་གྲོང་ཚོར་ཁམ་བུའི་མེ་ཏོག་བཞད་ལ་ཁད་དུ་གྱུར།
    “ད་ལྟ་ཁམ་བུའི་མེ་ཏོག་ཡོངས་སུ་བཞད་མེད། ངས་ཁྱེད་ཚོ་སེའུ་དམར་མེ་ཏོག་ལ་ལྟ་བར་འཁྲིད་ཆོག”ཅེས་ལོ་62ལ་སླེབས་པའི་གྲོང་མི་ཕུར་བུ་ཚེ་རིང་གིས་གསར་འགོད་པར་བཤད།
    ཕུར་བུ་ཚེ་རིང་དང་མཉམ་དུ་ཨ་ཡ་གྲོང་ཚོའི་དྲོད་ཁང་ཆེན་པོར་འཛུལ་སྐབས། སེའུ་དམར་སྡོང་པོར་མེ་ཏོག་དཀར་པོ་དང་ཟིང་སྐྱ་མང་པོ་བཞད་དེ་དྲི་ཞིམ་པོ་ཞིག་འཐུལ་འོང་བས་སེམས་ཀྱང་ལྷོད་ལ་བབས་སོང་།
    2023ལོའི་ཟླ་6པར། ཨ་ཡ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ཧྲན་ཏུང་ཞིང་ཆེན་ཅིས་ནན་གྲོང་ཁྱེར་གྱིས་སྒོར་ཁྲི་2000ལྷག་ཙམ་བཏང་བ་དེ་དག་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྒྲིག་ཆས་ཉོ་བ་བཅས་ཀྱི་ཐད་སྤྱད་ཅིང་། དེའི་ནང་རང་འགུལ་ཅན་གྱི་ཆུ་གཏོར་ལུད་རྒྱག་སྒྲིག་ཆས་ཡོད་པའི་དྲོད་ཁང་ཆེན་པོ་12བསྐྲུན་པ་དེ་དག་ལས་གྲོང་ཚོའི་ཀྭ་རིགས་དང་ཤིང་འབྲས་འདེབས་འཛུགས་ལ་གསོན་ཤུགས་གསར་པ་བསྣན་ཡོད།
    ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་ནས་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱས་ཏེ་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་མང་པོ་ས་མཐོར་ཡོང་ཞིང་། ཅིས་ནན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་དོ་དམ་ཚོགས་ཆུང་གི་རུ་སྣེ་འཁྲིད་མཁན་པ་སྣམ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ལི་ཀོང་ཡའོ་ཡིས“ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པས་གྲོང་ཚོ་སོ་སོའི་དོན་དངོས་ལ་གཞིགས་ནས་གནད་སྨིན་འཆར་འགོད་བཟོས་པ་དང་། གྲོང་ཚོ་སོ་སོར་འཕེལ་རྒྱས་གཏོང་གནས་གཙོ་བོ་རེ་ཡོད། ཨ་ཡ་གྲོང་ཚོར་མཚོན་ན། གཙོ་བོ་ཀྭ་རིགས་དང་ཤིང་འབྲས་འདེབས་གསོ་ཡིན”ཞེས་བཤད།
     ད་ལྟའི་དུས་སུ། ཨ་ཡ་གྲོང་ཚོའི་འབྲི་ཏ་ས་འཛིན་ཁྲོམ་རར་འདོན་བཞིན་ཡོད་ཅིང་། ཐོན་འབབ་རྒྱ་མ་བཞི་བརྒྱ་ལྔ་བརྒྱ་ཡོད་པར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་གྱི་ཡོད་པ་རེད། ལི་ཀོང་ཡའོ་ཡིས། འབྲས་བུ་སྨིན་པའི་དུས་ཚོད་ལ་གཞིགས་ན་འབྲི་ཏ་ས་འཛིན་འདེབས་ཐེངས་འདིའི་འབྲས་བུ་ཟླ་དྲུག་པ་བར་རྒྱུན་མཐུད་དེ་སྨིན་གྱི་ཡོད་པ་དང་། དེ་ནས་སེའུ་དམར་དང་། ཀྭ་མངར། འབྲས་བུ་མེ་ཏོག་སོགས་སྔ་རྗེས་སུ་ཁྲོམ་རར་འདོན་ཐུབ་ཅེས་བཤད།
    ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་གཏོང་ཆེད། ཨ་ཡ་གྲོང་ཚོས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་མི་དེ་བས་མང་བ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། ཁ་གཏད་བོད་སྐྱོར་གྱིས་ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་བཏང་བས་ས་མཐོའི་གྲོང་ཚོ་རེ་རེ་ཐུན་མོང་འབྱོར་ཕྱུག་གི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་གོམ་པ་བརྟན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
     མི་རིགས་མཐུན་སྒྲིལ་བྱས་ནས་ཐུན་མོང་འབྱོར་ཕྱུག་ཡོང་བར་འབད།
     【“བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་འདོགས་ཡོད་པ་བཅས་མཐའ་འཁྱོངས་བྱེད་དགོས —— ཞི་ཅིན་ཕིང”】
    ཡར་ཀླུང་གཙང་པོའི་བར་རྒྱུད་དང་སྨད་རྒྱུད་དུ་ཡུལ་དེ་གའི་མི་རྣམས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས་པའི“རིག་གནས་སྤྲོ་གསེང་གླིང”ཞེས་པ་ཞིག་ཡོད།
    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་ལས་སྐད་གྲགས་ཆོད་ཅིང་། ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལྷ་མོ་དེ་ནི་བོད་ལྗོངས་དང་རྒྱལ་ཡོངས་ས་གནས་ཁག་དབར་འགྲོ་འོང་སྤེལ་རེས་བྱེད་པའི་གཞི་རྟེན་ཞིག་ཏུ་གྱུར་ཡོད།
    2020ལོའི་ཟླ་6པར་ལྷ་མོའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་གཉེར་བས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག 2023ལོར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1.6ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་180ཙམ་བྱུང་ཡོད། འདི་ལོ་སྡེ་ཁུལ་སྔར་ལས་འཁྲུག་ཆ་དོད་དུ་གྱུར་ཡོད།
     སྡེ་ཁུལ་དེར་སྐད་གྲགས་ཆེ་བའི“སེ་འབྲུའི་ཟ་ཁང”ཞེས་པ་ཞིག་ཡོད་ཅིང་། ཟ་ཁང་གི་གྱང་ལྡེབས་སུ་ལེའོ་ཉིང་དང་། ཧོ་པེ། ཀྲེ་ཅང་སོགས་ནས་ཡོང་བའི་ཡུལ་སྐོར་བས་བྲིས་པའི“འདི་ནས་ཐུན་མོང་མིན་པའི་བོད་ཀྱི་རིག་གནས་ཉམས་ལེན་ཐུབ་ལ་ཡུལ་མི་རྣམས་བབ་ཆགས་ཤིང་སེམས་རྩ་འཁོལ་པོ་འདུག”དང“འདི་གའི་ལྷ་མོ་ལྟད་མོ་ཧ་ཅང་ཆེན་པོ་འདུག”ཅེས་པ་ལ་སོགས་འགྲུལ་བཞུད་ཀྱི་མྱོང་བ་མང་དག་ཅིག་མཐོང་རྒྱུ་ཡོད།
     དམངས་སྲོལ་གནས་ཚང་ཨང་31ཏུ་སྡེ་ཁུལ་གྱི་ཡུལ་མི་ཚེ་རིང་གིས་འབྱོར་མ་ཐག་པའི་ཀོང་ཏུང་གི་ཡུལ་སྐོར་བ་ཚོར་ཁ་བཏགས་གཡོག་པ་དང་ཇ་བསྲུབས་མ་བླུག་པ་སོགས་བྱེད་ཀྱིན་ཡོད།
    2020ལོར་གཉེར་སྐྱོང་བྱས་པ་ནས་ད་བར་ཚེ་རིང་གི་དམངས་སྲོལ་གནས་ཚང་གིས་ཡུལ་སྐོར་བ་2000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཁོང་གིས། སྔོན་མ་ཁྱིམ་ཚང་གི་འགྲོ་སོང་ཚང་མ་ང་མི་གཅིག་གིས་གླ་པ་བྱས་པའི་དངུལ་ལ་བརྟེན་དགོས་ཀྱི་ཡོད། ད་ཆ་དམངས་སྲོལ་གནས་ཚང་བཙུགས་པས་འབབ་ཁུངས་མང་དུ་ཕྱིན་སོང་། ན་ནིང་ཁོ་ནར་ཡོང་འབབ་སྒོར་17800བྱུང་ཞེས་བཤད།
    མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་རིག་གནས་ཀྱི་གཞི་རྒྱུ་གསར་པའང་ཟམ་མི་ཆད་པར་འདྲེས་བཞིན་ཡོད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་སྡོད་མཁན་དབང་ལགས་ཀྱིས། ང་རང་ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གཉིས་པར་སློབ་གྲྭར་འགྲོ་སྐབས་སློབ་གྲོགས་ཚོ་དང་མཉམ་དུ་བོད་ཀྱི་ཁྱད་ལྡན་གླུ་གར་དང་ཨན་ཧུའེ་ཡི་མངོན་མིན་རིག་གནས་ཤུལ་བཞག་མཉམ་དུ་བསྲེས་པའི“མངོན་མིན་རིག་གནས་ཤུལ་བཞག་གི་སློབ་གསེང་ལུས་རྩལ”རྩེད་མྱོང་ཡོད་ཅེས་བཤད།
    དཔྱིད་དུས་ཀྱི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་མི་རིགས་ཁག་གི་མང་ཚོགས་རྣམས་ཕན་ཚུན་མཛའ་ཞིང་བརྩེ་བ་དང་ཐུན་མོང་འབྱོར་ཕྱུག་གི་བདེ་སྐྱིད་འཚོ་བར་རོལ་བཞིན་མཆིས།