འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།མཚོ་སྔོན་གྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་2རྒྱལ་ཡོངས་ཀྱི་དཔེ་མཚོན་ཁག་ལྔ་པར་བདམས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་11ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཞིང་ལས་གྲོང་གསེབ་པུའི་གཞུང་དོན་ཐིང་གིས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཁག་ལྔ་པའི་དཔེ་མཚོན་འོས་སྦྱོར་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན“དགོན་ལུང་རྫོང་ཐའེ་ཙེ་ཤང་ཞིང་ཕྱུག་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་”དང“གོར་མོའི་ཁུན་ཡོན་ཁྱིམ་ཚང་ཞིང་འབྲོག་ར”ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་གཉིས་བདམས་ཐོན་བྱུང་ཡོད། རྒྱལ་ཡོངས་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་དཔེ་མཚོན་ནང་བདམས་པའི་མཚོ་སྔོན་ཞིང་ཆེན་གྱི་གཉེར་སྐྱོང་བྱེད་པོ་8ཟིན་ཞིང་། དེའི་ནང་ཆེད་ལས་མཉམ་ལས་ཁང་3དང་ཁྱིམ་ཚང་ཞིང་ར་5ཡོད་པ་རེད།
    མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཐའེ་ཙེ་ཤང་གི་ཞིང་ཕྱུག་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་གིས་ཤང་ཀང་ལ་མཁོ་འདོན་བྱེད་པའི་ས་མཐོའི་གྲང་བསིལ་སྔོ་ཚལ་རྟེན་གཞི་བསྐྲུན་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་སྔོ་ཚལ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་དུ་ཕྱིར་ཚོང་བྱེད་པར་སྐུལ་འདེད་བཏང་ནས་ཞིང་འབྲེལ་དང་། ཞིང་ཁྲིད། ཞིང་ཆེད། ཞིང་ཕྱུག་བཅས་ཀྱི་ཕན་ནུས་འདོན་སྤེལ་ནུས་ལྡན་བྱས་ཡོད། གོར་མོ་ཁུན་ཡོན་ཁྱིམ་ཚང་ཞིང་འབྲོག་རས་བྱ་མོ་གསོ་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་གཉེར་སྐྱོང་བྱ་ཐབས་ལེགས་སུ་བཏང་སྟེ། ཁྱིམ་ཚང་ཞིང་ར་ཡུན་རིང་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།
    ཉེ་བའི་ལོ་ཤས་རིང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་རྒྱུན་མཐུད་འཚོལ་ཞིབ་དང་སྐྱེད་སྲིང་བྱས་པ་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་ཕྱིན་པ་དང་། གཉེར་སྐྱོང་བྱེད་པོ་ཁག་གིས་ལྗང་མདོག་དང་། སྐྱེ་ཁམས། ནུས་ཆེ་བཅས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ནུས་གསར་པ་བཅས་སྐྱེད་སྲིང་བྱས་པ་བརྒྱུད་ཞིང་འབྲོག་ལས་ཀྱི་ནུས་པ་མང་པོ་རྒྱ་ཆེར་སོང་བ་དང་། གྲོང་གསེབ་ཀྱི་རིན་ཐང་སྣ་མང་སྔོག་འདོན་ཐུབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།