འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་11ཉིན།

༄༅།།ཡུན་ནན་སེམས་ཀྱི་ཉི་ཟླར་ས་ཡོམ་རིམ་པ་4.7བྱུང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 17:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་4ཚེས་9ཉིན་གྱི་ཆུ་ཚོད་22དང་སྐར་མ་07ཐོག ཡུན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ས་ཡོམ་རིམ་པ་4.7བྱུང་བ་དང་། ས་ཡོམ་བྱུང་རྗེས། བདེ་ཆེན་ཁུལ་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་ཁྱོན་རླངས་འཁོར་14དང་མི་73 ཁྱི་3བསྡུས་ནས་ས་ཡོམ་ལྟེ་གནས་སུ་བསྐྱོད་པ་མ་ཟད། མཚན་མོའི་ཆུ་ཚོད་11དང་སྐར་མ་16ཐོག་ཡུལ་དངོས་སུ་འབྱོར་ཏེ་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་ལས་དོན་སྤེལ་བ་རེད། ཚེས་9ཉིན་གྱི་ཆུ་ཚོད་23དང་སྐར་མ་50བར། གྲལ་བཤེར་ཚོ་ཆུང་4ཡིས་ཁྱོན་བསྡོམས་ཁང་པ་53ལ་གྲལ་བཤེར་བྱས་པ་དང་། མི་ཐེངས་92ལ་སློབ་གསོའི་དྲན་སྐུལ་བྱས་པ་རེད། 
     བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག ཞིང་ཆེན་ས་ཡོམ་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཆུ་ཚོད་23དང་སྐར་མ་30བར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞང་དང་དང་གྲོང་རྡལ་11ལ་གནོད་འཚེའི་གནས་ཚུལ་མགྱོགས་མྱུར་བརྟག་དཔྱད་བྱས་ཀྱང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་སྙན་ཞུ་འབྱོར་མེད། འགྲོ་ལམ་དང་འགྲིམ་འགྲུལ། འཕྲིན་གཏོང་། གློག་ཤུགས། ཆུ་མཁོ་འདོན་བཅས་རྒྱུན་ལྡན་རེད།