འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།འདེབས་འཛུགས་དུད་ཚང་གིས་དྲ་ཐོག་ནས་རིགས་གཅིག་མཁས་ཅན་ཚོགས་པར་སྐད་ཆ་དྲིས་པ་དང་དྲ་ཕྱི་ནས་མཛུབ་ཁྲིད་བྱས་པ། 

——ཞིང་ནང་མུ་ཁར་ཞིང་ལས་ལག་རྩལ་སློབ་ཁྲིད་བྱེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧུང་ཁྲའོ།
     ཞོགས་པ་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ། ལེའོ་ཉིང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཨ་ཤོམ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་ཤའོ་དབན་ཤིན་དང་ལས་རོགས་3ཧྲེན་དབྱང་བབས་ཚུགས་སུ་ཡོང་ནས་སྤྱི་ལེ་260ཡི་ཐེ་ལིན་གྲོང་ཁྱེར་ཁྲང་ཐུའུ་རྫོང་སན་ཅང་ཁའུ་གྲོང་རྡལ་དུ་བསྐྱོད་རྩིས་ཡོད་པ་རེད།
     “སན་ཅང་ཁའུ་ཡི་གྲོང་མི་ཚོས་ང་ཚོའི་དཔྱིད་རྨོད་རྨོད་གྲབས་དང་ཞིང་ཕན་གྱི་ཐད་གཏོང་ཁང་ནས་ཚན་རིག་དང་མཐུན་པའི་ངང་ཨ་ཤོམ་བཏབ་པའི་ཕན་འབྲས་ཤེས་རྟོགས་ཐུབ་པ་དང་ང་ཚོ་ས་གནས་ས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་བྱེད་པར་སྐད་གཏོང་འདོད་བྱེད་ཀྱི་འདུག སོ་ནམ་དུས་སུ་དུས་ཚོད་ཀྱིས་མི་མི་སྒུག དཔྱིད་རྨོད་རྨོད་གྲབས་ཀྱི་འགག་རྩའི་དུས་སུ་ང་ཚོས་ཞིང་ནང་དང་མུ་ཁར་མང་ཙམ་བསྐྱོད་དེ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་ངེས་རེད”ཅེས་ཤའོ་དབན་ཤིན་གྱིས་བཤད།
     ཆུ་ཚོད་1ཙམ་གྱི་མེ་འཁོར་ལམ་ཐག་བརྒྱུད། ཁོང་ཚོ་མེ་འཁོར་ནས་བབས་ཏེ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བསྡད་ནས་དེ་སྤྱི་ལེ་90ཡི་སའི་པའོ་ལུང་གྲོང་ཚོར་བསྐྱོད། མི་4ཡི་ནང་ཤའོ་དབན་ཤིན་ནི་སོན་གསོའི་རིགས་གཅིག་མཁས་ཅན་དང་། ཧན་ཞའོ་རི་ནི་ས་རྒྱུའི་ལུད་ཀྱི་རིགས་གཅིག་མཁས་ཅན། ཁྲེན་ཕུང་ཧྲི་ནི་གནམ་གཤིས་རིགས་གཅིག་མཁས་ཅན། ཀྲང་ཧྲུའུ་ཕིང་ནི་འདེབས་གསོའི་རིགས་གཅིག་མཁས་ཅན་བཅས་རེད། “ཚོགས་པ་དེར་མི་མང་པོ་མེད་ཀྱང་ཨ་ཤོམ་འདེབས་འཛུགས་ཀྱི་དུས་འགོར་ཞིང་པར་འཕྲད་པའི་དཀའ་གནད་ལ་རྒྱུས་མངའ་ཆེན་པོ་ཡོད”ཅེས་ཀྲང་ཧྲུའུ་ཕིང་གིས་བཤད།
     སླར་ཡང་ཆུ་ཚོད་གཅིག་ལྷག་ཙམ་གྱི་ལམ་ཐག་བརྒྱུད་རིགས་གཅིག་མཁས་ཅན་ཚོགས་པ་གྲོང་མདོར་འབྱོར་བ་དང་པའོ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཀྲུང་ཝུའུ་ཡིས་སྔ་ས་ནས་དེ་གར་སྒུག་ནས་བསྡད་ཡོད། “སུའོ་ཀྲང་ཤའོ་ལགས། ཁྱེད་རྣམ་པ་གྲོང་ཚོ་ཨུ་ལྷན་དུ་ཏོག་ཙམ་ངལ་གསོ་བར་ཕེབས་དང”ཞེས་བཤད། སུའོ་ཀྲང་ཤའོ་ལགས་ཀྱིས“མིན། ད་ལྟ་གྲོང་མི་ཚོ་ཞིང་ནང་དུ་ལས་ལ་བྲེལ་བཞིན་ཡོད་པས་ང་ཚོ་ཐད་ཀར་ཞིང་ནང་དུ་བསྐྱོད་དེ་དཀའ་གནད་ཅི་ཞིག་ཡོད་མེད་ལྟ་བར་འགྲོ་གི་ཡིན”ཞེས་བཤད།
     ཞིང་ནང་དུ་གྲོང་མི་ཁྲེང་ཅན་ཧྥུང་གིས“རྒན་ཤའོ་ལགས། ལོ་འདི་དག་རིང་ངས་ཨ་ཤོམ་གྱི་སོན་མང་པོ་བརྗེས་པ་དང་། དུས་ཐོག་ཏུ་ལུད་དང་ཆུ་སོགས་བརྒྱབ་རུང་མུའུ་རེའི་ཐོན་ཚད་མཐོ་རུ་གཏན་ནས་འགྲོ་གི་མི་འདུག་པས་ཁྱེད་ཀྱིས་ཐོན་འབབ་མཐོ་བའི་ཨ་ཤོམ་གྱི་སོན་འགའ་ཞིག་ངོ་སྤྲོད་གནང་རོགས”ཞེས་རང་ཉིད་ལ་འཕྲད་པའི་དཀའ་གནད་བཤད།
     “ན་ནིང་ང་ཚོས་ཀྲང་ཝུའུ་རྫོང་དུ་སོན་གསར་པ་གཉིས་ཚོད་འདེབས་བྱས་པས། མུའུ་རེའི་ཐོན་འབབ་རྒྱ་མ་1000ལྷག་ཙམ་ནས་2000ཙམ་བར་མང་དུ་ཕྱིན་སོང་། ང་ཚོའི་གྲོང་ཚོའི་ས་རྒྱུ་ལེགས་པ་དང་ཚང་མ་ཞིང་ས་ནག་པོ་ཡིན་པས་ཐོན་འབབ་མཐོ་རུ་འགྲོ་ངེས་རེད”ཅེས་ཤའོ་དབན་ཤིན་གྱིས་ལན་བཏབ། ཁྲེང་ཅན་ཧྥུང་གིས་ས་ཞིང་མུའུ་ཁ་ཤས་ཚོད་འདེབས་བྱ་རྩིས་བྱས་ཏེ“ངས་སྔོན་ལ་ཚོད་ལྟ་བྱས་ཆོག ཡག་པོ་སྐྱེས་ཚེ་ས་ཞིང་ཚང་མར་འདེབས་ཀྱི་ཡིན”ཞེས་བཤད།
     “ཁྱེད་ཀྱིས་བཤད་པའི་ཨ་ཤོམ་མཐུག་འདེབས་དང་གནད་སྨིན་ཚོད་འཛིན་གྱི་ཐོན་འབབ་མཐོ་བའི་ལག་རྩལ་ལ་ང་ཚོ་ཧ་ཅང་དགའ་པོ་འདུག གནད་དོན་གང་དག་ལ་དོ་སྣང་བྱེད་དགོས་མིན་ཤེས་མ་སོང”ཞེས་འབྲུ་འདེབས་དུད་ཆེན་ཝང་ཞའོ་ཧྭ་ཡིས་སྐད་ཆ་དྲིས།
     “ལག་རྩལ་དེར་ངེས་པར་དུ་གནད་སྨིན་འགའ་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། དེའི་ནང་ལུགས་མཐུན་ངང་མཐུག་འདེབས་དང་ཆུ་དང་ལུད་དགོས་མཁོ་ལྟར་གནད་སྨིན་ཚོད་འཛིན་བྱ་རྒྱུ་ནི་འགག་རྩ་རེད། ང་ཚོས་ཀྲང་ཝུའུ་རྫོང་ཝུའུ་ཧྥུང་གྲོང་རྡལ་དུ་ཚོད་ལྟ་བྱས་པའི་ཆུ་བཅུ་ཆ་བཅུ་དང་ལུད་བཅུ་ཆ་བརྒྱད་ཀྱི་བསྡུར་གྲངས་དེའི་ཕན་འབྲས་ཡག་པོ་འདུག”ཅེས་འདེབས་གསོའི་རིགས་གཅིག་མཁས་ཅན་ཀྲང་ཧྲུའུ་ཕིང་གིས་བཤད།
     “ག་དུས་ལུད་གང་ཞིག་རྒྱག་དགོས་མིན་ཐད་ཤོད་སྲོལ་ཡོད་དམ། ཉེ་ཆར་གནམ་གཤིས་གང་འདྲ་འདུག་གམ། ཆར་པ་ཆེན་པོ་བབས་སོང་ངམ། ག་དུས་བཏབ་ན་འཚམ་མམ། ན་ནིང་ང་ཚོའི་ཁྱིམ་གྱི་ཨ་ཤོམ་གྱི་ཐོན་འབབ་ཡག་པོ་བྱུང་རུང་འབྲུ་རྡོག་གི་སྤུས་ཚད་སྤྱིར་བཏང་རེད་འདུག གང་འདྲ་བྱས་ན་ཡག་གམ” ཆུ་ཚོད་ཕྱེད་ཀ་ཙམ་གྱི་ནང་གྲོང་མི་བཅུ་ཕྲག་ཁ་ཤས་ཀྱིས་སྐད་ཆ་མང་པོ་དྲིས་པ་དང་ད་དུང་གྲོང་མི་མི་ཉུང་བ་ཞིག་དེ་གར་སྐད་ཆ་འདྲི་བར་ཡོང་བཞིན་ཡོད་པ་རེད།
     ད་ལོ་ལེའོ་ཉིང་གི་ཨ་ཤོམ་འདེབས་ཁྱོན་མུའུ་ཁྲི་4100ལས་བརྒལ་བ་དེས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་གྱི་བཞི་ཆ་གསུམ་བཟུང་ཡོད། ཟླ་3པའི་ཟླ་འགོ་ནས་ད་བར་རིགས་གཅིག་མཁས་ཅན་ཚོགས་པ་དེ་ཁྲའོ་དབྱང་དང་། ཕུའུ་ཤིན། ཐེ་ལིན་སོགས་ཀྱི་རྫོང་གྲོང་10ལྷག་ཙམ་དང་ཤང་གྲོང་30ལྷག་ཙམ་ལ་བསྐྱོད་ཡོད།
     “ང་ཚོ་ཨ་ཤོམ་སུའོ་ཙམ་མ་ཟད། ད་དུང་ཆུ་འབྲས་སུའོ་དང་། འབྲས་ཤིང་སུའོ། འབྲུ་རིགས་སུའོ། སྔོ་ཚལ་སུའོ་སོགས་ཞིབ་འཇུག་ཁང་གི་ཁོངས་སུ་གཏོགས་པའི་ཞིབ་འཇུག་སྒྲིག་གཞི་30ཡི་རིགས་གཅིག་མཁས་ཅན་600ལྷག་ཙམ་གྱིས་དཔྱིད་རྨོད་རྨོད་གྲབས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་མཛུབ་ཁྲིད་གསོ་སྦྱོང་དང་དོགས་གནད་ལ་ལན་བརྒྱབ་ཡོད། གཞན་ཡང་ང་ཚོས་དྲ་ཐོག་ནས་ཞིང་ཕན་ཐད་གཏོང་བྱས་པར་ལྟ་མཁན་མི་ཐེངས་ཁྲི་200ལས་བརྒལ་ཡོད”ཅེས་ཤའོ་དབན་ཤིན་གྱིས་བཤད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)