འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་4ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ།
ཟླ་4ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཝང་ཐིང་ཧུའེ་ལ་ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་བྱམས་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ན་ནིང་ལོ་མཇུག་ཏུ། ངས་ཝེ་ཐེ་ནམ་དུ་འཚམས་འདྲི་བྱེད་རིང་། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་མཉམ་དུ་ཁྱབ་བསྒྲགས་བྱས་ནས་ཀྲུང་ཝེའི་འབྲེལ་བའི་ལེའུ་གསར་པ་བཏོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་བཞིན་ཡོད། འདོད་མཐུན་སེམས་མཐུན་དང་ལས་དབང་གཅིག་མཐུན་ནི་ཀྲུང་ཝེའི་འབྲེལ་བའི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ཡིན་ལ། “བློ་མཐུན་དང་སྤུན་ཟླ”ནི་ཀྲུང་ཝེའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་། རང་སོ་སོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་སྐྲུན་པ་བཅས་བྱས་ནས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཝེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་གནས་ས་ཡིན། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པའི་རྨང་གཞི་བརྟན་དུ་གཏོང་བ། ཚད་མཐོའི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་ཏང་སྐྱོང་རྒྱལ་སྐྱོང་སྲིད་གཉེར་བཅས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུཊ་སྣོན་རྒྱག་པ་དང་། ཀྲུང་ཝེའི་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ལྷན་གྱི་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་ཡག་པོ་འདོན་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་འཁོར་རྒྱ་གཅིག”གི་འཐབ་ཇུས་འབྲེལ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གཞོན་ནུ་དང་མཛའ་གྲོགས་གྲོང་ཁྱེར་སོགས་ཀྱི་ཐབས་ལམ་སྤེལ་རེས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིས་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་ཁྲིམས་འཛུགས་ལྟ་སྐུལ་གྱི་ཉམས་མྱོང་སོགས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུའི་རེ་བ་ཡོད།
     ཝང་ཐིང་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་ཞུ་ལུགས་བརྒྱུད་བསྒྲགས་གནང་ཞིང་། ཁོང་གིས་བློ་མཐུན་དང་སྤུན་ཟླ་ཡིན་པའི་ཝེ་ཐེ་ནམ་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྙིང་དབུས་ནས་ཡིད་སྨོན་བྱེད་ཀྱི་ཡོད། འདི་ལོ་ཀྲུང་གོའི་ཚོགས་འདུ་གཉིས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་སོགས་ཀྱི་དམིགས་ཚད་གཏན་འཁེལ་བྱས་པ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་བྱ་ཐབས་ཤིག་ཡིན་པས་ཝེ་ཐེ་ནམ་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་ངེས་ཡིན་ལ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་པ་མ་ཟད། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཤང་ཀང་དང་། ཤིན་ཅང་། བོད་ལྗོངས་བཅས་ཀྱི་བྱ་བ་ཡང་ཚང་མ་ནི་ཀྲུང་གོའི་ནང་སྲིད་ཡིན་པས་ཀྲུང་གོས་ཡུན་རིང་བརྟན་ལྷིང་དང་དར་རྒྱས་རྒྱུན་འཁྱོངས་ཐུབ་ངེས་ཡིན་ཞེས་གསུངས་པ་རེད།(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)