འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་10ཉིན།

མཚོ་སྔོན་ཡུལ་ཤུལ་རག་སྟོད་ཤང་པུ་རངས་གྲོང་ཚོས།

༄༅།།ཐོན་ལས་དར་རྒྱས་ལ་ཁྲིད་སྟོན་བྱས་ནས་མང་ཚོགས་ཕྱུག་པོ་ཆགས་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་10ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཁྲེང་ཧོན་ཉིང་དང་ཝང་ཡུས་ཡིང་།
    ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་རེད། ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་མི་སེམས་འགུག་པ་དང་། ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་འབབ་འཕར་ཕྱུག་འགྱུར་ཡོང་ཐུབ།
    ཟླ་4ཚེས་3ཉིན་གྱི་སྔ་དྲོར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་རག་སྟོད་ཤང་པུ་རངས་གྲོང་ཚོར་སྐྱོད་སྐབས། “པུ་རངས་གྲོང་ཚོའི་ཕྱོགས་བསྡུས་ཐོན་ལས་ཁུལ”ཞེས་བྲིས་པའི་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཞིག་མིག་ལམ་དུ་འཆར་ཞིང་། ཐོག་སོ་དང་པོའི་པུ་རངས་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་མངོན་གསལ་དེ་བས་ཆེ། ཚོང་ཁང་ནང་གི་ཚོང་སྒྲོམ་ཐོག་བཏུང་བྱ་དང་། བཟའ་བཅའ། འཚོ་བའི་མཁོ་ཆས། ཁྱིམ་སྤྱོད་གློག་ཆས་སོགས་ཚོང་ཟོག་སྣ་ཁ་མང་ཞིང་གྲལ་སྟར་འགྲིག
    པུ་རངས་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་འཇམ་དབྱངས་ཆོས་རྒྱལ་གྱིས“ང་ཚོའི་པུ་རངས་གྲོང་ཚོ་འདི་ཉིད་རྒྱལ་ལམ་G345དང་ཐག་ཉེ་བས་ཡུལ་ཤུལ་གྲོང་ཁྱེར་དང་། རྫ་སྟོད་རྫོང་། ནང་ཆེན་རྫོང་། བོད་ཀྱི་ཆབ་མདོ་བཅས་སུ་འགྲོ་འོང་བྱེད་མཁན་དང་རླངས་འཁོར་ཤིན་ཏུ་མང་། 2021ལོར་ས་བབ་ཀྱི་ལེགས་ཆར་བརྟེན་ནས་མ་དངུལ་སྒོར་ཁྲི་242བཏང་སྟེ་པུ་རངས་གྲོང་ཚོའི་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་བསྐྲུན་པ་རེད། དུས་དེ་ནས་བཟུང་སྒོ་རྩིས་ཚོང་ཁང་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་འགོ་ཚུགས་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
    ངོ་སྤྲོད་བྱས་པར་གཞིགས་ན། པུ་རངས་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་དེ་2021ལོའི་ཟླ་10པ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། 2022ལོའི་ཟླ་10པའི་བར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་170ཟིན་པ་དང་། ཁེ་སྤོགས་སྒོར་ཁྲི་25ཟིན་པ། 2023ལོར་ཁེ་སྤོགས་སྒོར་ཁྲི་26ཟིན་པ། ཉེ་བའི་ལོ་ཤས་རིང་ལོ་ལྟར་ཡོང་འབབ་བརྟན་པོ་བྱུང་ཡོད།
    སྒོ་རྩིས་ཚོང་ཁང་གི་བྱང་ངོས་ནི་སྨི་ངོས་གྲུ་5400ཟིན་པའི་ལས་སྣོན་འཁོར་ཁང་རེད། འཁོར་ཁང་ནང་གི་འཕྲུལ་འཁོར་ནས་ལྡིར་སྒྲ་གྲགས་བཞིན་འདེམས་སྒྲུག་དང་། ཐལ་རྡུལ། ཞིབ་འཐག སྐམ་བཟོ། གྲང་འཁྱགས་སོགས་ལས་སྣོན་བྱེད་ཅིང་། ལས་རིམ་མང་པོ་བརྒྱུད་འབྲོག་པའི་ཁྱིམ་ནས་ཉོས་པའི་ལྕི་བ་དང་རིལ་མ་དག་སྐྱེ་ལྡན་ལུད་དུ་གྱུར་གྱི་ཡོད།
    2022ལོར། ཡུལ་ཤུལ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་2350བཏང་ནས་སྐྱེ་ལྡན་ལུད་ལས་སྣོན་རྟེན་གཞི་བཙུགས་ཁར། རག་སྟོད་ཤང་གི་གྲོང་ཚོ་ཁག་གིས་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་པ་དང་། གྲོང་ཚོར་གཏན་འཇགས་ཀྱི་བགོ་འགྲེམས་རྒྱག་པ། མ་བཅོས་རྒྱུ་ཆ་དུད་ཚང་ནས་ཉོ་སྒྲུབ་བྱེད་པ། ཕུང་གསུམ་པ་གཉེར་སྐྱོང་ཁེ་ལས་ལ་དོ་དམ་བྱེད་པར་མངགས་པ་བཅས་ཀྱི་རྣམ་པའི་ཐོག་ནས་2023ལོའི་ཟླ་6པ་ནས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། གན་རྒྱ་ལྟར་ན་རག་སྟོད་ཤང་ལ་ལོ་ལྟར་ཉུང་ཤོས་ལ་བགོ་འགྲེམས་སྒོར་ཁྲི་150དང་པུ་རངས་གྲོང་ཚོས་མ་རྐང་20%བཟུང་བར་ལོ་ལྟར་ཉུང་ཤོས་ལ་བགོ་འགྲེམས་སྒོར་ཁྲི་30རྒྱག་རྒྱུ་བྱས་ཡོད།
    ཉོ་སྒྲུབ་ཀྱི་སྐོར་གླེང་སྐབས། འཁྲིས་སུ་ཡོད་པའི་འབྲོག་པ་འཇམ་དབྱངས་ཡོན་ཏན་གྱིས“རིལ་མ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྒོར་80དང་ལྕི་བ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྒོར་60བྱེད་ཀྱི་ཡོད། ན་ནིང་ངའི་ཁྱིམ་གྱི་ལྷས་ར་ནས་ལྕི་བ་སྨི་རྒྱ་དཔངས་གྲུ་བཞི་མ་100ལྷག་ཙམ་བཏོན་པར་ང་ལ་སྤྲོད་ཐེངས་གཅིག་ལ་སྒོར་6000ལྷག་ཙམ་སྤྲད་བྱུང་། ལྕི་བ་བསྡུས་རྗེས་ལྷས་རའང་གཙང་དུ་ཕྱིན་སོང་། ཞིང་ལུད་ལས་སྣོན་རྟེན་གཞི་དེ་ཡག་པོ་བསྐྲུན་འདུག”ཅེས་བཤད།
    བགོ་འགྲེམས་ཕུད། སྐྱེ་ལྡན་ཞིང་ལུད་ལས་སྣོན་རྟེན་གཞིས་ད་དུང་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་ཤིང་། མིག་སྔར་པུ་རངས་གྲོང་ཚོའི་མི་9ལ་སྒོ་འགྲམ་དུ་ལས་ཞུགས་ཐུབ་སྟེ་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ལེན་རྒྱུ་བྱུང་ཡོད།
    “སྔོན་ཆད་དང་བསྡུར་ཚེ་ད་ཆ་འབྲོག་ལས་འཕེལ་རྒྱས་གཏོང་བར་དངོས་འབྲེལ་གོ་སྐབས་ཡག་པོ་ཞིག་ཤར་འདུག”ཅེས་འཇམ་དབྱངས་ཆོས་རྒྱལ་གྱིས་སེམས་འགུལ་ཐེབས་བཞིན་བཤད།
   ད་ཆ་པུ་རངས་གྲོང་ཚོར་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱུང་ཞིང་། གྲོང་མིར་སྟབས་བདེ་སྐྲུན་པའི་ཕྱོགས་བསྡུས་ཞབས་ཞུའི་སྒོ་རྩིས་ཚོང་ཁང་དང་། ས་ཞིང་། སྒོ་ཕྱུགས། ངལ་རྩོལ་ནུས་ཤུགས་བཅས་མ་རྐང་ནང་ཞུགས་པའི་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་། སྐྱེ་ལྡན་རྫས་ལུད་ལས་སྣོན་རྟེན་གཞི། མངགས་ཐོ་རྣམ་པའི་རྩམ་པ་ལས་སྣོན་བཟོ་གྲྭ་སོགས་གྲོང་མི་ཚོས་བསྔགས་བརྗོད་ཡང་ཡང་བྱེད་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་དེ་དག་ལས། པུ་རངས་གྲོང་ཚོ་འདི་ཉིད་གྲོང་ཁྱེར་ཡོངས་ཀྱི་སྒོར་ཁྲི་བརྒྱ་ཡི་གྲོང་ཚོ་སྟོབས་ཆེན་གྲས་སུ་ཚུད་པ་དང་། 2023ལོར་པུ་རངས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་106ཟིན་ཡོད།
   གྲོང་མི་ཚོས་མཐེ་བོང་བསྒྲེངས་ནས་གྲོང་ཚོའི་ཐོན་ལས་ལ་བསྔགས་བརྗོད་ཡང་ཡང་བྱེད་པའི་དུས་འདིར་འཇམ་དབྱངས་ཆོས་རྒྱལ་གྱིས་ཀྱང་དགའ་བའི་འཛུམ་མདངས་སྟོན་བཞིན“གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་ཉིན་མོ་དེ་དག་ངའི་མི་ཚེའི་རྒྱུ་ནོར་ཆེ་ཤོས་སུ་འགྱུར་རྒྱུ་རེད”ཅེས་བཤད་བྱུང་།