འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་9ཉིན།

༄༅།།འདི་ལོ་རང་རྒྱལ་དུ་འགྲོ་ལམ་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་གཞི་རྩའི་ཆ་ནས་ཁྱབ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་09ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་དུ་ལོ་འདིའི་ནང་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། རྒྱལ་སྒྲོལ་ལམ་ཡིག ཕྱི་རྒྱལ་བ་ཡུན་རིང་གནས་སྡོད་ཐོབ་ཐང་ལག་ཁྱེར་སོགས་རང་མིང་འགོད་པའི་ལག་ཁྱེར་སྤྱད་དེ་དྲ་ཐོག་ནས་འགྲུལ་པའི་གློག་རྡུལ་སྤ་སེ་ཉོ་རྒྱུ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་རྒྱུ་རེད།
     ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བཀྲམ་པའི་2024ལོའི་འགྲོ་ལམ་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་གཞི་རྩའི་ཆ་ནས་ཡོངས་ཁྱབ་ཐུབ་པར་བྱེད་པའི་ལས་དོན་ཇུས་གཞི་ཞིག་ནང་འདི་ལོའི་ཟླ་10པའི་ཟླ་མཇུག་གོང་། ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་ཁག་གིས་འགྲོ་ལམ་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་གཞི་རྩའི་ཆ་ནས་ཡོངས་ཁྱབ་ཐུབ་པར་བྱེད་པའི་དམིགས་ཚད་ལ་གཞིགས་ཏེ། གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། རྒྱལ་སྒྲོལ་ལམ་ཡིག ཕྱི་རྒྱལ་བ་ཡུན་རིང་གནས་སྡོད་བཅས་ཀྱི་ཐོབ་ཐང་ལག་ཁྱེར། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མིའི་གནས་སྡོད་ལག་ཁྱེར། ཤང་ཀང་དང་ཨའོ་མོན་གྱི་གྲོང་མིའི་སྐམ་ས་ཆེ་མོའི་འགྲོ་སྐྱོད་ལག་ཁྱེར། ཐའེ་དབན་གྱི་གྲོང་མིའི་སྐམ་ས་ཆེ་མོའི་འགྲོ་སྐྱོད་ལག་ཁྱེར་སོགས་རང་མིང་འགོད་པའི་ལག་ཁྱེར་སྤྱད་དེ་དྲ་ཐོག་ནས་འགྲུལ་པའི་གློག་རྡུལ་སྤ་སེ་ཉོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག རང་མིང་འགོད་ལམ་དོ་དམ་གྱི་རིམ་པ་གཉིས་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་དང་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་གི་འགྲུལ་པའི་གློག་རྡུལ་སྤ་སེ་ཁྱབ་ཚད་99%ཡན་ཟིན་པ་དང་ཞིང་ཆེན་དབར་དང་གྲོང་ཁྱེར་དབར་གྱི་ལམ་ཐིག་གི་འགྲུལ་པའི་གློག་རྡུལ་སྤ་སེ་ཁྱབ་ཚད་95%ཡན་ཟིན་པ་བྱ་རྒྱུ་རེད།
     འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས། གཞི་གྲངས་མཐིལ་རྟོགས་གྲལ་བཤེར་ཕྱོགས་ཡོངས་ནས་བྱས་ཏེ་ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་གྱི་རིམ་པ་གཉིས་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་དང་།  གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག ཞིང་ཆེན་དབར་དང་གྲོང་ཁྱེར་དབར་གྱི་འགྲུལ་སྐྱེལ་ལམ་ཐིག་གི་གཞི་གྲངས་དང་འགྲུལ་སྐྱེལ་གློག་རྡུལ་སྤ་སེའི་ཞབས་ཞུ་ཡོངས་ཁྱབ་ཐུབ་པའི་ད་ལྟའི་གནས་ཚུལ་བཅས་དང་། དེ་བཞིན་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། རྒྱལ་སྒྲོལ་ལམ་ཡིག ཕྱི་རྒྱལ་བ་ཡུན་རིང་གནས་སྡོད་ཐོབ་ཐང་ལག་ཁྱེར། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མིའི་གནས་སྡོད་ལག་ཁྱེར། ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་ནང་སར་འགྲོ་སྐྱོད་ཀྱི་ལམ་ཡིག ཐའེ་དབན་གྱི་གྲོང་མི་སྐམ་ས་ཆེ་མོར་འགྲོ་སྐྱོད་ཀྱི་ལག་ཁྱེར་སོགས་རང་མིང་འགོད་པའི་ལག་ཁྱེར་སྤྱད་དེ་དྲ་ཐོག་ནས་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་ཉོ་བའི་གནས་ཚུལ་གསེད་བཀྲོལ་གྱིས་གཞི་གྲངས་རྩི་ཁྲ་བཟོ་རྒྱུ་རེད། ཁོངས་གཏོགས་ཁུལ་དུ་ད་དུང་འགྲུལ་སྐྱེལ་གློག་རྡུལ་སྤ་སེའི་ཞབས་ཞུ་མངོན་འགྱུར་བྱུང་མེད་པའི་རིགས་ལ་དམིགས་ཏེ་ལས་འགན་གསལ་ཐོ་བཟོས་ནས་ལས་ཀའི་བྱེད་ཐབས་དང་དེ་བཞིན་ལེགས་སྒྲུབ་ཀྱི་དུས་བཀག་ཁ་གསལ་བཟོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་9པའི་ཟླ་མཇུག་གོང་། ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་སྡེ་ཚན་ཁག་གིས་གྲོང་ཁྱེར་དང་རྫོང་ཁག་ལ་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་བེད་སྤྱོད་ཞབས་ཞུ་མངོན་འགྱུར་བྱུང་མེད་པའི་རིམ་པ་གཉིས་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་དང་། གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག ཞིང་ཆེན་དབར་དང་གྲོང་ཁྱེར་དབར་གྱི་འགྲུལ་སྐྱེལ་ལམ་ཐིག་བཅས་ཀྱི་གནས་ཚུལ་ཞིབ་དཔྱད་དང་། “ས་ཚིགས་རེར་སྲིད་ཇུས་རེ་དང་ལམ་ཐིག་རེར་སྲིད་ཇུས་རེའི”གནད་དོན་གྱི་རྒྱུ་རྐྱེན་དབྱེ་ཞིབ་བྱས་ནས་དམིགས་སའི་རང་བཞིན་གྱི་བྱ་ཐབས་སྤྱད་དེ་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་གང་མགྱོགས་སྤྱོད་རྒྱུ་རེད། འགྲུལ་སྐྱེལ་གློག་རྡུལ་སྤ་སེ་ཚད་ལྡན་དུ་གཏོང་བ་དང་། དུས་ཐོག་ཏུ་སྤ་སེ་འཚོང་བ། སྤ་སེ་ཕྱིར་སློག་དང་བརྗེ་པོ་རྒྱག་པ། སྤ་སེ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱས་ནས་འགྲུལ་སྐྱེལ་གློག་རྡུལ་སྤ་སེའི་གྲངས་གཞི་ཆ་ཚང་དུས་ཐོག་ཏུ་བརྒྱུད་གཏོང་ཐུབ་པའི་འགན་ལེན་བྱས་ཏེ་འགྲུལ་སྐྱེལ་གློག་རྡུལ་སྤ་སེ་ཉོ་མཁན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད། རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་ཀྱི་སྤ་སེར་ཞིབ་བཤེར་བྱེད་པའི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་ནས་ལག་ཐོགས་ཁ་པར་གྱི་དུད་སྣེ་དང་བྱ་རིམ་ཆུང་གྲས་སོགས་ཐབས་ལམ་སྣ་ཚོགས་ནས་སྤ་སེ་ཉོས་ཏེ་སྤྱི་དམངས་ལ་ཤོག་མེད་རྣམ་པའི་འགྲོ་སྐྱོད་ཀྱི་ཉམས་ལེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་རེད།
     (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)