འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་8ཉིན།

༄༅།།ད་ལོ་དང་སང་ལོ་ནི་ཉི་མའི་འགུལ་སྐྱོད་མང་ཤོས་ཀྱི་ལོ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་08ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉི་མའི་འགུལ་སྐྱོད་དྲག་པོས་མིའི་རིགས་ཀྱི་འཇིག་རྟེན་འཕུར་སྐྱོད་དང་། ཕྱོགས་སྟོན་གནས་ངེས། རླབས་ཐུང་འཕྲིན་གཏོང་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉིན་ཤས་གོང་། རྒྱལ་ཁབ་སྲུང་སྐར་གནམ་གཤིས་ལྟེ་གནས(རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་ལྟེ་གནས)ཀྱི་ཀྲུའུ་རེན་ཝང་ཅིན་སུང་གིས་ཀྲུང་གོ་གནམ་གཤིས་ཅུས་སུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་གསལ། ད་རེས་ཀྱི་ཉི་མའི་འགུལ་སྐྱོད་འཁོར་ཡུན་དེ་འགུལ་སྐྱོད་མང་ཤོས་ཀྱི་ཚད་ལ་སླེབས་ཡོད་པ་བཤད། ཞིབ་འཇུག་དང་བརྡར་གཅོད་གསར་ཤོས་ལ་གཞིགས་ན། ད་རེས་ཀྱི་ཉི་མའི་འགུལ་སྐྱོད་འཁོར་ཡུན་གྱི་འགུལ་སྐྱོད་མང་ཤོས་དེ་སྔོན་དཔག་བྱས་ན་2024ལོ་ནས་2025ལོ་བར་ཡིན་པ་དང་། མིག་སྔར་ཚད་མང་ཤོས་དང་ཉེ་བར་གནས་ཡོད་པ་དང་། ཉི་མའི་འགུལ་སྐྱོད་ཡང་ཡང་ཐོན་གྱི་ཡོད་པ་དེ་རྒྱུན་གཏན་གྱི་རང་བྱུང་སྣང་ཚུལ་ཞིག་རེད།
   ཝང་ཅིན་སུང་གིས་འགྲེལ་བཤད་བྱས་དོན། ཉི་མའི་འགུལ་སྐྱོད་ཀྱི་དྲག་ཞན་ལ་འཁོར་ཡུན་རང་བཞིན་ལྡན། སྤྱིར་བཏང་ཉི་མའི་ནག་ཐིག་གྲངས་ཀྱི་སྙོམས་འདྲེད་ཟླ་རེའི་ཆ་སྙོམས་གྲངས་ཐང་གིས་མཚོན་གྱི་ཡོད། རྒྱལ་སྤྱིའི་གཏན་འབེབས་ལྟར་ན། 1755ལོ་ནི་ཉི་མའི་འགུལ་སྐྱོད་འཁོར་ཡུན་དང་པོའི་འགོ་རྩོམ་པའི་དུས་ཚོད་ཡིན། མིག་སྔར། ཉི་མ་ནི་ཉི་མའི་འགུལ་སྐྱོད་འཁོར་ཡུན་25པ་ཡིན་ཞིང་།  “ང་ཚོས་སྔོན་དཔག་བྱས་པར་གཞིགས་ན། ཉི་མའི་འགུལ་སྐྱོད་འཁོར་ཡུན་ཨང་25པའི་འགུལ་སྐྱོད་མང་ཤོས་ཀྱི་ཚད་དེ་ཆུ་ཚད་འབྲིང་གྲས་སུ་གཏོགས་པ་དང་། དེ་ནི་ཉི་མའི་འགུལ་སྐྱོད་འཁོར་ཡུན་24པ་ལས་ཅུང་ཆེ་བ་ཡོད་མོད། འོན་ཀྱང་། ཉི་མའི་འགུལ་སྐྱོད་འཁོར་ཡུན་23པ་ལས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད།”
   ད་ལོའི་ཟླ་3ཚེས་23ཉིན། ཉི་མར་X1.1རིམ་པའི་འོད་འཚེར་ཁྲ་ཐིག་བྱུང་བ་མ་ཟད། ཉི་མའི་འོད་ཀོར་གྱི་དངོས་པོ་འཕངས་པའི་དོན་རྐྱེན་ཡང་ཐོན་ཡོད། རྒྱལ་ཁབ་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་ལྟེ་གནས་ཀྱིས་དུས་ཐོག་ཏུ་གནས་ཚུལ་དེར་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། དེ་རྗེས་བྱུང་བའི་ས་གཞིའི་ཁབ་ལེན་འབར་གས་ཆེན་པོ་འབྱུང་བའི་སྔོན་བརྡ་གནད་ལ་འཁེལ་བར་བཏང་བ་དང་། ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་ཀྱང་བྱས་པ་རེད། ཟླ་3པའི་ཚེས་24ཉིན་གྱི་ཆུ་ཚོད་23ནས་ཟླ་3པའི་ཚེས་25ཉིན་གྱི་ཆུ་ཚོད་2བར་དུ། སའི་གོ་ལར་ས་གཞིའི་ཁབ་ལེན་འབར་གས་ཆེན་པོ་བྱུང་བ་དང་། བར་སྟོང་གི་ནུས་མཐོ་རིལ་རྡུལ་སའི་གོ་ལའི་ཁབ་ལེན་ཤུགས་ཐིག་བརྒྱུད་དེ་སའི་གོ་ལའི་སྣེ་གཉིས་སུ་ཐོན་པས། མཐོ་རིམ་རླུང་ཁམས་ཆེན་པོའི་ཆ་ཤས་གྲུང་སྐུལ་བྱས་ཏེ་སྣེ་འོད་ཀྱི་སྣང་ཚུལ་བྱུང་བ་རེད། སྐབས་དེར་ཟླ་བ་ཉ་གང་བའི་དུས་སྐབས་སུ་གནས་ཡོད་མོད། འོན་ཀྱང་། རང་རྒྱལ་གྱི་ཧེ་ལུང་ཅང་མོ་ཧོ་དང་ནང་སོག་ཀེན་ཧོ་སོགས་ས་ཆར་སྔར་བཞིན་སྣེ་འོད་འཆར་བ་པར་དུ་གསལ་པོར་ཐེབས་ཡོད།