འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།རླངས་འཁོར་གྱི་དངུལ་བུན་སྲིད་ཇུས་ལེཊ་སྒྲིག་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གསར་འགོད་པས་ཚེས་3ཉིན་ཀྲུང་གོའི་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་ཀྲུང་གོའི་མི་དམངས་དངུལ་ཁང་དང་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། རླངས་འཁོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་པ་རེད། བརྡ་ཐོ་གཞིར་བཟུང་ན། སྒེར་སྤྱོད་སྲོལ་རྒྱུན་གྱི་སྒུལ་ཤུགས་རླངས་འཁོར་དང་སྒེར་སྤྱོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ནི་དེ་སྔའི་80%དང་85%ནས་དངུལ་རྩའི་སྒྲིག་གཞིས་རང་བདག་ངང་གཏན་འཁེལ་བྱ་རྒྱུར་ལེགས་སྒྲིག་བྱས་པ་རེད། 
     རླངས་འཁོར་རྙིང་ཚབ་གསར་བརྗེ་བྱ་རྒྱུར་སྐུལ་འདེད་བཏང་ནས་རླངས་འཁོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོའི་མི་དམངས་དངུལ་ཁང་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་ཐོག《རླངས་འཁོར་དངུལ་བུན་གྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ནས། རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ལེགས་སྒྱུར་བྱས་ཏེ། རླངས་འཁོར་རྙིང་ཚབ་གསར་བརྗེ་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་རེད། 
     བརྡ་ཐོའི་ནང་སྒེར་སྤྱོད་སྲོལ་རྒྱུན་གྱི་སྒུལ་ཤུགས་རླངས་འཁོར་དང་སྒེར་སྤྱོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་དེ་དངུལ་རྩའི་སྒྲིག་གཞིས་རང་བདག་ངང་གཏན་འཁེལ་བྱ་རྒྱུ་དང་། ཚོང་སྤྱོད་སྲོལ་རྒྱུན་གྱི་སྒུལ་ཤུགས་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ནི་70%ཡིན་པ་དང་། ཚོང་སྤྱོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ནི་75%ཡིན། ལག་བརྒྱུད་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ནི་70%ཡིན་པ་ཁ་གསལ་བཟོད་ཡོད།
     ལས་རིགས་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གོང་གི་ཡིག་ཆའི་གཏན་འབེབས་ལྟར་ན། སྒེར་སྤྱོད་སྲོལ་རྒྱུན་གྱི་སྒུལ་ཤུགས་རླངས་འཁོར་དང་སྒེར་སྤྱོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ནི་སོ་སོར་80%དང་85%ཡིན་པ་དང་། ད་ཐེངས་ཀྱི་བརྡ་ཐོའི་ནང་བསྡུར་ཚད་དེ་དངུལ་རྩའི་སྒྲིག་གཞིས་རང་བདག་ངང་གཏན་འཁེལ་བྱ་རྒྱུར་ལེགས་སྒྲིག་བྱས་ཏེ། དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་100%ཟིན་ཆོག་པ་སྟེ། ཉོས་པའི་རླངས་འཁོར་གྱི་རིན་གོང་ལྟར་ཆ་ཚང་གཡར་ཆོག  ཚོང་སྤྱོད་སྲོལ་རྒྱུན་གྱི་སྒུལ་ཤུགས་རླངས་འཁོར་དང་། ཚོང་སྤྱོད་ནུས་རྒྱུ་གསར་པའི་རླངས་འཁོར། ལག་བརྒྱུད་རླངས་འཁོར་གྱི་དངུལ་བུན་གཡར་བའི་བསྡུར་ཚད་མཐོ་ཤོས་ལ་འགྱུར་བ་བྱུང་མེད།  
     བརྡ་ཐོའི་ནང་ད་དུང་དངུལ་རྩའི་སྒྲིག་གཞིས་རླངས་འཁོར་གསར་པ་དང་། ལག་བརྒྱུད་རླངས་འཁོར། རླངས་འཁོར་རྙིང་ཚབ་གསར་བརྗེ་བཅས་ཀྱི་ཞིབ་ཕྲའི་སྣང་ཚུལ་ལ་ཟུང་འབྲེལ་བྱས་ནས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། རླངས་འཁོར་རྙིང་ཚབ་གསར་བརྗེའི་བརྒྱུད་རིམ་ཁྲོད་དངུལ་བུན་སྔ་སྣུར་དུ་འཇལ་ནས་ཐོན་པའི་ཁ་ཆད་ལས་འགལ་བའི་དངུལ་ཆད་འོས་འཚམ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཞེས་འཁོད་ཡོད། 
     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། ཀྲུང་གོའི་མི་དམངས་དངུལ་ཁང་དང་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དངུལ་རྩའི་སྒྲིག་གཞིས་བརྡ་ཐོའི་བླང་བྱ་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་ནས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལུགས་མཐུན་གྱི་རླངས་འཁོར་འཛད་སྤྱོད་ཀྱི་དགོས་མཁོར་དེ་བས་རྒྱབ་སྐྱོར་བྱ་རྒྱུ་རེད།