འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོར། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ།

——ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1750སྐྱེལ་འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་4ཉིན་ནི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོ་ཡིན་པ་དང་། དུར་ཕྱགས་བྱེད་པ་དང་གྲོང་ཁྱེར་ཉེ་འཁོར་དུ་བསྐྱོད་པ། ལམ་ཐག་ཐུང་ངུའི་ཡུལ་སྐོར་བཅས་བྱེད་མཁན་མང་བས་མྱུར་བགྲོད་གཞུང་ལམ་གཙོ་བོ་དང་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་མང་དུ་ཕྱིན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལས་འཛོལ་སྔོན་འགོག་དང་། བདེ་འཇགས་འགན་ལེན། ཤར་གཏོང་འགན་ལེན་བཅས་ལ་དམ་པོར་དམིགས་ནས་སྔ་སྣུར་དུ་དབྱེ་ཞིབ་བརྡར་གཅོད་བྱེད་པ་དང་། སྔ་ཙམ་ནས་ཞིབ་འཇུག་བཀོད་སྒྲིག་བྱེད་པ། ལམ་ངོས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་ཚབས་ཆེན་ལ་ཞིབ་བཤེར་ནན་པོ་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་བྱེད་པ། ཉེན་རྟོག་པ་མི་ཐེངས་ཁྲི་18.5མངགས་པ། ཉེན་རྟོག་པའི་རླངས་འཁོར་ཐེངས་ཁྲི་7.7མངགས་པ་བཅས་བྱས་པ་མ་ཟད། གྲོང་ཁྱེར་དབར་སྦྲེལ་མཐུད་བྱེད་ས་དང་། མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུ་ས་ཚིགས། མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་སོགས་ལ་དམ་པོར་དམིགས་ནས་དུས་ཐོག་ཏུ་ལམ་བུ་གཤོངས་བའི་བྱ་ཐབས་སྤྱད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4ཚེས་4ཉིན་གྱི་ཆུ་ཚོད་15བར། རྒྱལ་ཡོངས་ཀྱི་ངལ་གསོའི་རིང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་དང་དུས་ཡུན་རིང་པོ་དང་ལམ་ཐག་རིང་པོའི་ནང་འགྲིམ་འགྲུལ་དལ་བགྲོད་ཀྱི་སྙན་སེང་འབྱོར་མེད་པ་རེད།
     ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་4ཚེས་4ཉིན། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པ་མི་ཐེངས་ཁྲི་1750སྐྱེལ་འདྲེན་བྱེད་པར་མེ་འཁོར་ཐེངས་གྲངས་1073མང་དུ་བཏང་ཡོད། ཟླ་4ཚེས་3ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་1451.5སྐྱེལ་འདྲེན་བྱས་པ་རེད།
     རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར། དྭངས་གསལ་དུས་ཚིགས་རིང་མི་སྣ་འགྲོ་སྐྱོད་མང་དུ་ཕྱིན་པ་དང་། དཔྱིད་ཀར་ཡུལ་སྐོར་བྱེད་མཁན་རྒྱུན་མཐུད་མང་དུ་འགྲོ་བ། འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ། ལྕགས་ལམ་གྱི་འགྲུལ་བཞུད་ཤུགས་ཆེན་འཕར་བའི་རྣམ་པ་ཐོན་ཡོད། ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་གུང་གསེང་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་པར་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་འགྲུལ་བཞུད་ཀྱི་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པ་དང་། སྐྱེལ་འདྲེན་གྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་པ། འགྲུལ་བཞུད་གཅིག་སྡུད་ཀྱི་ལམ་ཐིག་དང་ལམ་དུམ་དུ་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་འགྲུལ་པར་ཕན་ནུས་ཆེ་ལ་སྟབས་བདེ་བའི་སྐྱེལ་འདྲེན་གྱི་ཞབས་འདེགས་ཞུས་ཡོད།
     (བསོད་བདེ་གཞོན་པས་བསྒྱུར། རིག་རྡོར་གྱིས་ཞུས)