འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་7ཉིན།

༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་འདུ་ར་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་07ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡན་ལག་འདུ་ར་འགོ་ཚུགས།
   ཟླ་4པའི་ཚེས་2ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་སྤོ་མེས་ཡན་ལག་འདུ་རའི་བྱེད་སྒོ་སྤོ་སྟོད་ཁམ་བུའི་མེ་ཏོག་གྲོང་ཚོར་སྤེལ་འགོ་ཚུགས་པ་རེད།
   སྤོ་སྟོད་ཁམ་བུའི་མེ་ཏོག་རོང་ས་ནི་རྒྱལ་ནང་དུ་སྐད་གྲགས་ཆོད་པའི་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་། ལུང་ཁུག་ཏུ་ཁམ་བུའི་མེ་ཏོག་གཅིག་སྡུད་ཁུལ་9ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་25ཙམ་ཡོད་པ་དེས་གྲོག་རོང་རྒྱ་ཁྱོན་གྱི་16.36%ཟིན་ཡོད། ཁམ་བུའི་སྡོང་པོ་ཁྱོན་ཁྲི་20ལྷག་ཙམ་ཡོད་པའི་ནང་70%ཙམ་ནི་སྐྱེས་ལོ་360ཟིན་པའི་སྟར་སྡོང་ཡིན་པ་རེད།  
   ད་ཐེངས་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྤོ་མེས་ཡན་ལག་འདུ་རའི་བྱེད་སྒོ་ནི་“ཁམ་བུའི་མེ་ཏོག་ལ་ཅི་དགར་རོལ་རོལ། དམར་མདངས་རྒྱས་པའི་སྤོ་མེས་ཡིད་དུ་འོང་་”བྱ་བ་བརྗོད་བྱར་བྱས་པའི་སྲོལ་རྒྱུན་རིག་གནས་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ལུས་རྩལ་འགྲན་བསྡུར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་སྒོ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱི་རིག་གནས་དང་། ལུས་རྩལ། འཚོ་བ་བཅས་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། 
   ཁམ་བུའི་མེ་ཏོག་དུས་ཆེན་རིང་རིག་རྩལ་འཁྲབ་སྟོན་ཕུད་སྤོ་མེས་ཀྱི་ཡན་ལག་འདུ་རའི་ཐོག་ད་དུང་རོལ་དབྱངས་འདུ་ཚོགས་དང་། བརྗོད་དོན་གཙོ་བོའི་པར་རིས། པར་རིས་འགྲེམས་སྟོན། ཞིམ་ཟས་དང་དེ་བཞིན་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས། དངོས་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་དང་མྱོང་ཚོགས། དམངས་སྲོལ་ལུས་རྩལ། མེ་ཕུང་གི་སྐོར་བྲོ་མཚན་ཚོགས། རྟ་རྒྱུག་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།