འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་3ཉིན།

༄༅།།འོད་ཟེར་སྟོང་ལྡན་གྱི་བདེ་སྐྱིད་ལམ་བུར་བསྐྱོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་03ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   —— ཤིན་ཧྭ་གསར་འགྱུར་ཁང་གི་མི་རབས་གསུམ་གྱི་གསར་འགོད་པའི་མིག་ལམ་གྱི་ནམ་མཁའ་གྲོང་ཚོའི་ལོ་རྒྱུས་ཀྱི་འཕོ་འགྱུར།
   —— ཤིན་ཧྭ་གསར་འགྱུར་ཁང་གི་མི་རབས་གསུམ་གྱི་གསར་འགོད་པའི་མིག་ལམ་གྱི་ནམ་མཁའ་གྲོང་ཚོའི་ལོ་རྒྱུས་ཀྱི་འཕོ་འགྱུར།
    འདི་ནི་ལོ་65ཡི་རིང་རྒྱུན་མཐུད་པའི་བཅར་འདྲི་ཞིག་དང་ཤིན་ཧྭ་གསར་འགྱུར་ཁང་གི་མི་རབས་གསུམ་གྱི་གསར་འགོད་པས་རྒྱུན་མཐུད་ནས་བསྒྲུབས་པའི་བྱ་བ་ཞིག་རེད།
    —— 1959ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ནམ་མཁའ་གྲོང་ཚོར(ད་ཆ་སྟོད་ལུང་བདེ་ཆེན་ཆུས་དགའ་གདོང་སྡེ་ཁུལ་ཡིན)བསྐྱོད་དེ། དམངས་གཙོའི་བཅོས་སྒྱུར་བརྒྱུད་མྱོང་བའི“ཞིང་བྲན་གྲོང་ཚོའི”འཚོ་བ་གསར་པར་བཅར་འདྲི་བྱས།
    —— 1991ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སླར་ཡང་ནམ་མཁའ་གྲོང་ཚོར་བསྐྱོད་དེ། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ཁྲོད་ནམ་མཁའ་གྲོང་ཚོའི་མི་རྣམས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་སྐོར་བཀོད་ཡོད།
    —— 2024ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་མཚམས་སུ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སླར་ཡང་དགའ་གདོང་སྡེ་ཁུལ་དུ་བཅར་འདྲི་བྱེད་སྐབས། དུས་རབས་གསར་པའི་དཔྱིད་རླུང་ཁྲོད་དེ་གར“འཕེལ་རྒྱས་མགྱོགས་ཤོས་དུས་སྐབས”ཀྱི་ངོ་མཚར་མུ་མཐུད་གཏོད་བཞིན་པའི་མྱོང་ཚོར་བྱུང་།
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་ཐེངས་གསུམ་བྱས་པ་བརྒྱུད། གྲོང་ཚོ་དེ“ཞིང་བྲན་གྲོང་ཚོ”ནས“ལྟོ་གོས་གཉིས་འཛོམས་ཀྱི་གྲོང་ཚོའི”བར་དང་དེ་རྗེས་ཀྱི“འབྱོར་འབྲིང་གྲོང་ཚོའི”བར་གྱི་མཆོང་སྐྱོད་ལ་དཔང་པོ་བྱས་ཡོད། ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་གསར་པར་གྲོང་མི་ཚོས་གྲོང་གསེབ་དར་རྒྱས་དང་ཐུན་མོང་འབྱོར་ཕྱུག་གི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་མཆིས།
    “དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད” ནམ་མཁའ་གྲོང་ཚོའི་ལོ་65ཡི་རིང་གི་འཕོ་འགྱུར་ལས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བཏོད་པའི་ལོ་རྒྱུས་ཀྱི་ངོ་མཚར་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད་ལ། གངས་ལྗོངས་ས་མཐོའི་མི་དམངས་བདེ་སྐྱིད་ཀྱི་ལམ་བུར་སྐྱོད་པའི་འབད་འཐབ་ཀྱི་བསམ་འདུན་ཡང་མངོན་གསལ་དོད་པོས་མཚོན་ཡོད།
    1959ལོར་དམངས་གཙོའི་བཅོས་སྒྱུར་གྱི་དཔྱིད་ཀྱི་འབྲུག་སྒྲ་གྲགས།
    ལྷ་ས་སྐྱིད་ཆུའི་ངོགས་སུ་དཔྱིད་རླུང་དལ་གྱིས་ལྡང་བ་དང་ནམ་མཁའ་གྲོང་ཚོའི(དགའ་གདོང་སྡེ་ཁུལ)སྲང་ལམ་གྱི་རྒྱ་ལྕང་ལ་མྱུ་གུ་འབུས་འགོ་ཚུགས་པ་དང་གཞུང་ལམ་ཐོག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་དར་རྒྱས་ཆེ་བའི་རྣམ་པ་ཞིག་མངོན་བཞིན་འདུག
     སྡེ་ཁུལ་གྱི་གཙང་སྦྲ་དོད་པའི་སྲང་ལམ་བཞི་ལྔ་བརྒྱུད་རྗེས། གསར་འགོད་པ་ལོ་88ལ་སླེབས་པའི་ཏང་ཡོན་རྒན་གྲས་ཡེ་ཤེས་བསམ་གྲུབ་ཀྱི་ཁྱིམ་དུ་འབྱོར།
    “སྤྱི་ཚོགས་རྙིང་པར། ང་ཚོ་ནང་མི་དྲུག་ནི་ཞིང་བྲན་བདག་པོའི་ནང་ཟན་ཡིན། ཉིན་མོ་དུད་འགྲོ་ལྟར་ལས་ཀ་བྱེད་དགོས་པ་དང་དགོང་མོ་ཁྱི་ལྟར་ཁྱིམ་སྲུང་དགོས་ཀྱི་ཡོད”ཅེས་ཡེ་ཤེས་བསམ་གྲུབ་ཀྱིས་སྤྱི་ཚོགས་རྙིང་པའི་སྐོར་བརྗོད།
    དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ནམ་མཁའ་གྲོང་ཚོ(དགའ་གདོང་སྡེ་ཁུལ)ནི་མིང་དོན་མཚུངས་པའི“ཞིང་བྲན་གྲོང་ཚོ”ཞིག་རེད། གྲོང་ཚོ་ཡོངས་ཀྱི་ས་ཞིང་བོད་རྙིང་པའི་ས་གནས་སྲིད་གཞུང་གི་རིམ་བཞིའི་བླ་དཔོན་དངོས་གཞི་ཐུབ་བསྟན་བསམ་ཆོས་དང་ཀུན་བདེ་གླིང་གི་མངའ་བདག་ལ་དབང་བ་དང་ཞིང་བྲན་98%ཞིང་བྲན་བདག་པོས“སྐད་ཆ་ཤོད་ཤེས་པའི་དུད་འགྲོར”བརྩི་གི་ཡོད།
    1959ལོའི་དཔྱིད་ཀར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མ་ཉིང་ཤོན་གྱིས་འདི་གར་བཅར་འདྲི་དང་བརྟག་དཔྱད་བྱེད་སྐབས“ནམ་མཁའ་གཞིས་ཀའི་གཞིས་བདག་དངོས་གཞི་ལ་ཞིང་བྲན་130ལྷག་ཙམ་དང་། ས་ཞིང་མུའུ་600ཙམ། སྒོ་ཕྱུགས་205བཅས་དང་དེ་བཞིན་སོ་ནམ་ལག་ཆ་ཆེ་ཆུང་སྣ་ཚོགས་དབང་བ་དང་། ཞིང་བྲན་ཚོར་ཐོན་སྐྱེད་ལག་ཆ་ཧ་ལམ་མེད་པས། སོ་ནམ་ལག་ཆ་ཚང་མ་འབྲུ་རིགས་ཀྱི་བུ་ལོན་ལ་བརྩིས་ནས་གཞིས་བདག་ས་ནས་གཡར་དགོས་ཀྱི་ཡོད། སྐབས་དེ་དུས་ནམ་མཁའ་གྲོང་ཚོའི་དུད་ཚང་རེར་ཆ་སྙོམས་འབྲུ་རིགས་ཀྱི་བུ་ལོན་སྤྱི་རྒྱ་4000ཙམ་ཟུག་ཡོད་ལ། བུ་ལོན་དེ་དག་མི་རབས་ནས་མི་རབས་བར་འཇལ་དཀའ་བར་གྱུར་བའི”སྐོར་བཅས་ཤེས་རྟོགས་བྱུང་ཡོད།
    ནམ་མཁའ་གྲོང་ཚོ་ནི་སྐབས་དེ་དུས་ཀྱི་བོད་ཀྱི་ཞིང་བྲན་ལམ་ལུགས་ཀྱི་བསྡུས་རིས་ཤིག་རེད། བྲན་གཡོག་ལམ་ལུགས་ཧ་ལམ་རྩ་མེད་དུ་སོང་བའི་དུས་རབས་20པའི་དུས་དཀྱིལ་དུ་འཛམ་གླིང་ཐོག་ཞིང་བྲན་ལམ་ལུགས་ཀྱི་མཁར་རྫོང་ཆེ་ཤོས་དེ་ད་དུང་ཀྲུང་གོའི་བོད་ལྗོངས་སུ་གནས་ཡོད། སྐབས་དེ་དུས་མི་འབོར་གྱི་5%ཡང་མ་ཟིན་པའི་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ་སོགས“མངའ་བདག་ཆེན་པོ་གསུམ”གྱིས་བོད་ཀྱི་རྒྱུ་ནོར་ཧ་ལམ་མང་ཆེ་བ་བདག་གིར་བཟུང་བ་དང་། མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་རྣམས་འཆི་གསོན་གྱི་སྡུག་བསྔལ་ཁྲོད་འཚོ་དགོས་བྱུང་ཡོད།
    ལོ་རྒྱུས་ཀྱི་ཡིག་ཚགས་ནང་བཀོད་པར་གཞིགས་ན། 1950ལོར་བོད་ལ་མི་འབོར་ཁྲི་100ཙམ་ཡོད་པའི་ནང་རང་སོར་དབང་བའི་སྡོད་ཁང་མེད་པའི་མི་ཁྲི་90ལྷག་ཙམ་ཡོད།
    འོན་ཀྱང་བོད་ཀྱི་མཐོ་རིམ་དབང་སྒྱུར་རུ་ཚོགས་ཀྱི་མི་ལ་ལས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་རྒྱུའི་རེ་ངན་འཆང་གི་ཡོད། 1959ལོའི་ཟླ་3པར་ཁོ་པ་ཚོས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མི་དམངས་ཀྱི་འདུན་པ་དང་བསྟུན་ནས། ངོ་ལོག་ཟིང་འཁྲུག་འཕྲལ་མར་ཞོད་འཇགས་སུ་བཏང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་མཛད་དེ་དམངས་གཙོའི་བཅོས་སྒྱུར་བྱས་ཡོད།
    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡེ་ཤེས་བསམ་གྲུབ་ཀྱི་ཁྱིམ་ལ་ས་ཞིང་མུའུ་30དང་། ཁང་མིག་3 ནོར་ལུག་ཁག་གཅིག་བཅས་རག་པ་མ་ཟད། ཐེངས་དང་པོར་གྱོན་གོས་གསར་པ་གྱོན་རྒྱུ་བྱུང་བ་དང་། རང་ཉིད་ལ་དབང་བའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད།
    1991ལོར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་།
     རྒྱ་གར་ཞྭ་མོ་གྱོན་པ་དང་གྱོན་ཆས་གཙང་མར་གྱོན་ཞིང་གྲུང་ཤ་དོད་པའི་ལོ་79ལ་སླེབས་པའི་བགྲེས་སོང་རྣམ་རྒྱལ་གྱིས་སྔོན་མའི་སྐོར་གླེང་སྐབས་ཁོང་གི་རིག་པ་གསལ་ཞིང་ངག་བདེ་བའི་ངང་གསུངས་རྒྱུ་མང་པོ་འདུག
     རྣམ་རྒྱལ་ནི་ཞིང་བྲན་བདག་པོའི་ཁྲལ་པ་ཡིན་པ་དང་དམངས་གཙོའི་བཅོས་སྒྱུར་བྱས་པས་ཁོང་ལ་ནོར་ལུག་དང་། རྨོ་ཞིང་། ཁང་པ་བཅས་རག་པ་མ་ཟད། ཚེ་སྲོག་གསར་པ་ཐོབ་པའི་ཞིང་བྲན་ཚང་མ་མི་ཞིག་བྱེད་པའི་ལ་རྒྱ་བྱུང་ཡོད།
    ཡར་ལངས་བཅིངས་འགྲོལ་ཐོབ་པའི་རྣམ་རྒྱལ་ལ་ད་དུང་སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་ཅིང་། ཁོང་གིས་སློབ་སྦྱོང་ལོ་6བྱས་པ་དང་སློབ་གྲྭ་ནས་འདྲུད་འཐེན་འཕྲུལ་འཁོར་གཏོང་སྟངས་དང་ལག་འཐེན་རོལ་ཆ་ཡང་སྦྱངས་པས། སྟོད་ལུང་བདེ་ཆེན་རྫོང་སྒྱུ་རྩལ་ཚོགས་པར་ཞུགས།
     1991ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རྡོ་རྗེ་དགྲ་འདུལ་གྱིས་ནམ་མཁའ་གྲོང་ཚོར་བཅར་འདྲི་བྱེད་སྐབས་རྣམ་རྒྱལ་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་པེ་ཅིང་དང་། ཧོ་པེ། ཧྲའན་ཤིས་སོགས་སུ་འཁྲབ་སྟོན་བྱེད་བཞིན་ཡོད་པ་ཤེས།
    “སྐབས་དེ་དུས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྒྱུར་བཅོས་སྒོ་དབྱེ་བྱས་ཟིན་པ་དང་གང་སར་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་མངོན་བཞིན་ཡོད”བགྲེས་སོང་རྣམ་རྒྱལ་གྱིས“ཕ་ཡུལ་དུ་ལོག་རྗེས་ངས་ནང་ས་ནས་མཐོང་བའི་གནས་ཚུལ་ཚང་མར་བཤད་དེ་ང་ཚོས་ཀྱང་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སྙེག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
    དོན་དངོས་ཐོག་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ནམ་མཁའ་གྲོང་ཚོར་སྔ་ས་ནས་ལྡང་།
    “དེ་གར་འཁྲུག་ཆ་དོད་པའི་གྲོང་རྡལ་ཞིག་ཆགས་ཡོད། དེ་སྔའི་སྐུ་དྲག་གི་གཞིས་ཀའི་ཁང་པ་དཀར་ཆ་དོད་ལ་མཛེས་སྡུག་ལྡན་པའི་གྲོང་ཚོའི་སྡོད་ཁང་གསར་པའི་ཁྲོད་ནས་མཐོང་རྒྱུ་མེད་ཅིང་། རླངས་འཁོར་གྲོང་ཚོ་ནས་ཕར་འགྲོ་ཚུར་འོང་བྱེད་པ་དང་། ཚོང་ཁང་དང་ཨར་ཁང་ནང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་པས་ཁེངས་ཡོད” དེ་ནི་རྡོ་རྗེ་དགྲ་འདུལ་གྱིས་1991ལོར་མཐོང་བའི་དབྱར་མཚོ་རྒྱས་པ་ལྟར་གྱི་གྲོང་ཚོའི་རྣམ་པ་ཞིག་རེད།
    དུད་ཚང་ཚང་མར་ས་ཞིང་འགན་གཙང་སྤྲད་རྗེས“གྲོང་ཚོ་ཡོངས་ཀྱི་འབྲུ་རིགས་མུའུ་རེའི་ཐོན་འབབ་ཆ་སྙོམས་མུའུ་རེ་ནས་སྤྱི་རྒྱ་300ཡན་ཟིན་པ་དང་མཐོ་ཤོས་ལ་སྤྱི་རྒྱ་400ནས་500བར་ཟིན་གྱི་ཡོད། (དུས་རབས་20པའི)ལོ་རབས་50པར་འབྲུ་རིགས་མུའུ་རེའི་ཐོན་འབབ་ལས་ལྡབ་ལྔ་དྲུག་ཙམ་འཕར་ཡོད”“གྲོང་མི་ཚོས་ལས་སྣོན་བཟོ་གྲྭ་དང་། ཚོང་ཁང་། གསོལ་མགྲོན་ཁང་བཅས་བཙུགས་པ་དང་ཨར་སྐྲུན་རུ་ཁག་ཀྱང་བཙུགས་ཡོད་ལ་ཞིང་པ་ཁ་ཤས་ད་དུང་སྔོ་ཚལ་ཆེད་ལས་དུད་ཚང་དུ་གྱུར་ཡོད” “དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་ད་བར་ནམ་མཁའ་བས་སྡོད་ཁང་ཐེངས་གསུམ་ཙམ་བཟོ་བཅོས་བརྒྱབ་ཡོད” “གྲོང་ཚོ་ཡོངས་ཀྱི་དུད་ཚང་64ཡི་ནང་དུད་ཚང་40ལྷག་ཙམ་ལ་བརྙན་འཕྲིན་ཡོད”
    རྡོ་རྗེ་དགྲ་འདུལ་གྱིས་ཟིན་ཐོར་བཀོད་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་ཕྲ་དེ་དག་ལས་སྐབས་དེ་དུས་ཀྱི་གྲོང་མི་ཚོའི་བསམ་ཚུལ་ངོ་མ་མཚོན་ཡོད།
    སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་བ་དང་བསྟུན་ནས་1991ལོར་ནམ་མཁའ་གྲོང་ཚོས་རྒྱལ་ཡོངས་ཀྱི་གྲོང་གསེབ་མང་པོ་ཞིག་དང་འདྲ་བར་ཞིང་ལས་ཐོན་སྐྱེད་བྱེད་ཞོར་དུ་ཚོང་ཟོག་དཔལ་འབྱོར་གྱི་རླབས་རྒྱུན་ནང་ཞུགས་འགོ་ཚུགས།
    སྐབས་དེ་དུས་གསར་འགོད་པས་དཔལ་འབྱོར་གྱི་དོན་སྙིང་ཐོག་ནས“ནམ་མཁའ་བར་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་པའི”ཚིག་ཐག་བཅད་ཡོད།
    1965ལོར་སྐྱེས་པའི་སྐྲ་བཟང་ད་ཆ་དགའ་གདོང་སྡེ་ཁུལ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་རེད། སྒྱུར་བཅོས་ཀྱི་ལོ་རབས་སུ་འཚར་ལོངས་བྱུང་བའི་བོད་རིགས་བུད་མེད་དེའི་ལུས་ཐོག་ནས་མཆོང་ཕོད་པ་དང་། རྒྱལ་ཕོད་པ། སྤྱང་གྲུང་ལྡན་པ། བསམ་བློ་གཏོང་མཁས་པ་བཅས་ཀྱི་དུས་རབས་འཕེལ་རྒྱས་ཀྱི་གཤིས་རྒྱུད་མངོན་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།
    “ལོ་21ལ་ང་ཕྱིར་གླ་པར་བསྐྱོད་དེ། བྱེ་རྡོ་དང་སོ་ཕག་སོགས་དབོར་མྱོང་ལ། ཞིང་ཁ་འདེབས་པ་སོགས་ལས་ཀ་ཚང་མ་བྱེད་མྱོང་ཡོད”ཅེས་ཁོང་གིས་བརྗོད། འགན་སེམས་ཆེ་བ་དང་ལས་ཀ་ཞིབ་ཚགས་ལ་ནན་པོ་ཡོད་པས་2005ལོར་སྐྲ་བཟང་ཏང་ནང་ཞུགས་པ་དང་འབྲེལ་ནམ་མཁའ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་རྩིས་པར་བདམས།
    བདེ་སྐྱིད་ནི་དཀའ་སྤྱད་ངལ་རྩོལ་ལས་བྱུང་བ་དང་འབད་བརྩོན་བྱས་ཚེ་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་རེད”ཅེས་སྐྲ་བཟང་གིས་བརྗོད།
    དཔྱིད་ཀྱི་དྲོད་རླུང་ནམ་མཁའ་གྲོང་ཚོར་ལྡང་སྟེ། དེ་སྔའི་ཞིང་བྲན་གྱི་རྗེས་རབས་པ་ཚོས་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།
    2024ལོའི་དུས་རབས་གསར་པའི་དཔྱིད་ཀ
    2024ལོའི་ཟླ་གསུམ་པར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སླར་ཡང་ནམ་མཁའ་གྲོང་ཚོར(དགའ་གདོང་སྡེ་ཁུལ)བཅར་འདྲི་བྱེད་པར་སྐྱོད་སྐབས་གྲོང་མི་ཚོ་རི་སྟེང་དུ་ཤིང་འཛུགས་པ་དང་སྐབས་འཁེལ།
   “དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས་ཚང་མས་ཤུགས་རྒྱོབ་ཨ”གཟུགས་པོ་ཆེན་པོ་མེད་པ་དང་ངོ་གདོང་ཅུང་ནག་པའི་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་བསྟན་འཛིན་ཉི་མ་བྲེལ་བས་ཁེངས་ཡོད།
    སྔོན་མ་གྲོང་ཚོའི་མཐའ་འཁོར་གྱི་རི་ཚང་མ་སྐྱ་ཐེར་ཐེར་ཡིན་པས། ཐལ་རླུང་རྒྱག་སྐབས་མིག་གདང་མི་ཐུབ་ལ་ཆར་པ་འབབ་སྐབས་གྲོང་མིའི་སྒོ་རའི་ནང་འདམ་བག་དང་བྱེ་མས་ཁེངས་ཀྱི་ཡོད།
    2013ལོར་གྲོང་མི་ཚོས་རི་སྟེང་དུ་ཤིང་བཙུགས་ནས་སྔོ་ལྗང་ཅན་དུ་འགྱུར་བ་བྱས་ཡོད
    2021ལོར་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོ་ནགས་སྐྱོང་གི་འཛུགས་སྐྲུན་ལས་གྲྭ་སྟེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། གྲོང་མི་ཚོས་རང་འགུལ་ངང་ཤིང་འཛུགས་རྒྱུ་དེ་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་བྱ་ཐབས་ནང་བཅུག་པས་ཚང་མའི་ཧུར་སེམས་ཆེ་རུ་ཕྱིན་ཡོད།
    2012ལོ་ནས་བཟུང་གྲོང་ཚོའི་ས་ཞིང་མུའུ་1500གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་པ་དང་ཆབས་ཅིག་ནམ་མཁའ་གྲོང་ཚོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་འགོ་ཚུགས་པ་མ་ཟད་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་དུས་སྐབས་སུ་སླེབས་ཡོད། 2015ལོར་སྟོད་ལུང་བདེ་ཆེན་རྫོང་ཆུས་སུ་བསྒྱུར་པ་དང་ནམ་མཁའ་གྲོང་ཚོའང་2023ལོར་དགའ་གདོང་སྡེ་ཁུལ་དུ་བསྒྱུར་ཡོད་པ་རེད།
    མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་ཆེད། གྲོང་ཚོས་ལམ་རྒྱུད་ཀྱི་ཚོང་སྒྱུར་ཁང་པ་བསྐྲུན་ནས་བོགས་མར་བཏང་བར་ལོ་རེར་བོགས་དངུལ་སྒོར་ཁྲི་སྟོང་ལྷག་ཙམ་རག་གི་ཡོད། རླངས་འཁོར་ཉམས་གསོའི་ཁྲོམ་ར་དང་ངར་ལྕགས་རྒྱུ་ཆའི་ཁྲོམ་ར་བཙུགས་པར་ལོ་རེར་བོགས་དངུལ་སྒོར་ཁྲི་སྟོང་ཙམ་ཟིན་པ། ད་དུང་གྲོང་མིའི་སྐྱེལ་འདྲེན་རུ་ཁག་དང་ལས་གྲྭ་རུ་ཁག་སོགས་མཉམ་ལས་རྩ་འཛུགས་ཀྱང་བཙུགས་པ་རེད།
   “མཉམ་སྡེབ་ཀྱི་གཏན་འཇགས་ཡོང་འབབ་དེ་དག་ཁོ་ནས་གྲོང་ཚོའི་མི་རེར་ལོ་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་1.6བགོ་ཐུབ་པ་མ་ཟད། གྲོང་མིའི་ཡོང་འབབ་གཞན་དག་བསྣན་ཚེ་ནམ་མཁའ་གྲོང་ཚོའི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད། སྔོན་ཆད་གྲོང་ཚོའི་ངལ་རྩོལ་པ་80%ཕྱིར་གླ་པ་རྒྱུག་པར་སྐྱོད་ཀྱི་ཡོད། ད་ཆ་རང་ཁྱིམ་གྱི་སྒོ་རྩར་ལས་ཀ་རག་གི་འདུག”ཅེས་བསྟན་འཛིན་ཉི་མས་བརྗོད།
    གྲོང་སྡེའི་གྲལ་སྟར་འགྲིག་པའི“བོད་བཟོའི་སྤྲོ་ཁང”མང་པོའི་ཁྲོད་བགྲེས་སོང་རྣམ་རྒྱལ་གྱིས་གསར་འགོད་པ་རྒྱ་ཁྱོན་ལ་སྨི་ངོས་གྲུ་300ལྷག་ཙམ་ཟིན་ཞིང་ཐོག་སོ་གསུམ་ལྡན་གྱི་ཁང་པར་ལྟ་སྐོར་ལ་ཁྲིད་བྱུང་།
    “ད་ལྟའི་འཚོ་བ་འདི་འདྲ་སྔོན་ཆད་རྨི་ལམ་དུའང་འཁོར་མ་མྱོང”ང་ལ་ཟླ་རེར་རྒན་གསོའི་དངུལ་ལེན་རྒྱུ་ཡོད་ལ་ནད་གཞི་ལྟ་བ་དང་སྨན་པ་བསྟེན་སྐབས་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་ཀྱི་ཡོད། ན་ནིང་མཉམ་སྡེབ་ཁེ་སྤོགས་བགོས་ནས་ངའི་ཁྱིམ་ལ་སྒོར་ཁྲི་10ལྷག་ཙམ་རག་བྱུང་ཞེས་རྣམ་རྒྱལ་གྱིས་བརྗོད།
    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་དགའ་གདོང་སྡེ་ཁུལ་གྱི་འཕེལ་རྒྱས་ཀྱི་དམིགས་ཚད་གསར་པ་སྟེ་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།
    གྲོང་མི་ཕུར་བུ་རྡོ་རྗེས་སྤོས་བཟོ་གྲྭ་ཞིག་བཙུགས་ནས་ཉེ་འཁོར་གྱི་མང་ཚོགས་བསྡུས་ཏེ་ལས་ཀ་བྱེད་དུ་བཅུག་ནས་ཚང་མའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་པོ་ཆགས་པར་བྱས་པ་དང་། གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་གིས་མི་80ལྷག་ཙམ་ལ་ལས་ཀ་སྤྲད་པ་སོགས་བགྲང་གིས་མི་ལང་།
    “ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ། གྲོང་གསེབ་དར་རྒྱས་གཏོང་བའི་ང་ཚོའི་དོན་གཉེར་ཆེ་ཤོས་ཤིག་ཀྱང་ཡིན། འདིའི་ཐད་ནམ་མཁའ་གྲོང་ཚོ(དགའ་གདོང་སྡེ་ཁུལ)མདུན་གྲལ་དུ་སླེབས་ཡོད”ཅེས་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཡུན་པིན་གྱིས་བརྗོད།
    ད་ཆ་གསར་འགོད་པས་ཀྱང་2035ལོ་དང་2049ལོར་སླེབས་སྐབས་ནམ་མཁའ་གྲོང་ཚོར་འཕོ་འགྱུར་ཇི་འདྲ་ཡོང་མིན་ལྟ་འདོད་ཤིན་ཏུ་ཆེ།
   (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་28ཉིན་འབྱོར་བའི་གློག་འཕྲིན)