འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།ཟོག་འགྲེམས་འཁོར་སྐྱོད་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་མཐུད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་ཟོག་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་ཁྲི་55.4ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་5.9%འཕར་ཡོད། འཕར་ཚད་ནས་བལྟས་ན། ཟླ་བ་དང་པོ་དང་གཉིས་པའི་འཕར་ཚད་ལོ་གོང་མའི་དུས་མཚུངས་དང་ལོ་གོང་མ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་3.0དང་0.7སོ་སོར་མགྱོགས་སུ་ཕྱིན་པ་དེ་ཐོག་ནས་ཟོག་འགྲེམས་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་པ་དང་ཟོག་འགྲེམས་དགོས་མཁོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་མངོན་གྱི་ཡོད་པ་རེད།
     བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་དགོས་མཁོ་བསྐྱར་འཕར་གྱི་རྨང་གཞི་བརྟན་པོ་ཡོད་ཅིང་། ཟླ་བ་དང་པོ་དང་གཉིས་པར་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་5.3%འཕར་ནས་བརྟན་པོའི་ངང་སླར་གསོ་ཡོང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། བཟོ་ལས་ཐོན་སྐྱེད་ནས་བལྟས་ན། ཕྱིར་གཏོང་བསྐྱར་འཕར་སོགས་ཀྱི་རྒྱུ་རྐྱེན་གྱི་སྐུལ་ཁྲིད་འོག་བཟོ་ལས་ཐོན་རྫས་བཅུ་ཆ་དྲུག་ཡན་གྱི་ཐོན་ཚད་འཕར་ནས། ཟོག་འགྲེམས་དགོས་མཁོ་སྤྱི་ཡོངས་ནས་བརྟན་པོའི་ངང་སླར་གསོ་མགྱོགས་པོ་ཐུབ་པར་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།
     ལས་རྣམ་གསར་པས་དམངས་འཚོའི་འཛད་སྤྱོད་ཀྱི་ཟོག་འགྲེམས་དགོས་མཁོ་མགྱོགས་མྱུར་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཤིང་། ཟླ་བ་དང་པོ་དང་གཉིས་པར་ཚན་པ་དང་གྲོང་མིའི་དངོས་ཟོག་གི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་14.0%འཕར་ཡོད། ཟླ་བ་དང་པོ་དང་གཉིས་པར་དྲ་ཐོག་ཏུ་ཚོང་ཟོག་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་14.4%འཕར་བ་དང་འཕར་ཚད་ལོ་གོང་མ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་6གིས་མགྱོགས་པ་ཡོད་པ་དང་། མྱུར་སྐྱེལ་བསྐུར་མའི་ལས་འབོར་དུང་ཕྱུར་230ཡན་ཟིན་པ་དེ་དུས་མཚུངས་ལས་28.5%འཕར་ནས་ལོ་གོང་མ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་9.1གིས་མགྱོགས་པ་ཡོད་པ་རེད།
     ཐོན་སྐྱེད་རྒྱ་སྐྱེད་ཀྱི་དགོས་མཁོས་ནང་འདྲེན་གྱི་ཟོག་འགྲེམས་གཞི་ཁྱོན་རྒྱ་སྐྱེད་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། ཟླ་བ་དང་པོ་དང་གཉིས་པར་ནང་འདྲེན་གྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་8.7%འཕར་བ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.9འཕར་ཡོད། དེའི་ནང་ལྕགས་རྡོ་དང་དེ་བཞིན་གཏེར་ཁ་སྤུས་དག་དང་། མ་བཅོས་རྡོ་སྣུམ། རྡོ་སོལ་བཅས་ནང་འདྲེན་གྱི་ཟོག་འགྲེམས་བྱེད་ཚད་རིམ་རྩིས་བརྒྱབ་ན་དུས་མཚུངས་ཀྱི་འཕར་ཚད་8.1%དང་། 5.1% 22.9%བཅས་སོ་སོར་ཟིན་ཡོད། ཞིང་ལས་ཐོན་རྫས་ཐད་འབྲུ་རིགས་དང་། ཤིང་འབྲས་སྐམ་པོ་དང་། སོས་པ་བཅས་རིམ་རྩིས་བརྒྱབ་ན་དུས་མཚུངས་ལས་7.7%དང་18.9%འཕར་ཡོད་པ་རེད།
     (ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)