འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་2ཉིན།

༄༅།།སྡུག་བསྔལ་གྱི་རྒྱ་མཚོ་བསྒྲལ། བདེ་སྐྱིད་ཀྱི་ཉི་མ་ཤར།

—— བོད་ཀྱི་ཡར་ལངས་ཞིང་བྲན་གསུམ་གྱི་ལོ་65ཡི་དྲན་འཆར།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་02ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ལོ་ནི་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཡིན། སྔོན་མ་ཞིང་བྲན་ཡིན་པའི་བོད་རིགས་བགྲེས་སོང་གསུམ་གྱིས་རང་ཉིད་ཀྱི་ལོ་65ཡི་ལས་དབང་གི་འགྱུར་ལྡོག་སྐོར་གླེང་། བོད་རྙིང་པའི་མུན་ནག་གི་འཚོ་བ་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་མི་ལུས་གསར་པ་ཐོབ་པའི་བར། ལོ་65ཡི་གོང་གི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་གཏོར་ནས་གནའ་བོའི་ས་གཞི་འདི་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཡོད། ད་ཆ་སྔོན་མའི་ཞིང་བྲན་དང་ཁོང་ཚོའི་མི་རབས་རྗེས་མས་གངས་ལྗོངས་ས་མཐོར་མི་ཚེ་གསར་པ་གཏོད་བཞིན་ཡོད།
     རྩམ་པ་གཅིག་ལ་བྲོ་བ་གཉིས།
    ཚགས་ཤ་དང་ཇ་བསྲུབས་མ་ནི་ད་ཆ་བོད་ཀྱི་མི་སེར་གྱི་རྒྱུན་གཏན་གྱི་བཟའ་བཅའ་ཡིན། སྤྱི་ཚོགས་རྙིང་པར་ལོ་80ལ་སླེབས་པའི་གྲགས་པ་དབང་ལྡན་ཆུང་དུས་ཟས་རིགས་དེ་དག་ཟ་བའི་དབང་ཆ་མེད།
     1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཞིང་བྲན་རྣམས་ཁྲལ་པ་དང་། དུད་ཆུང་། ནང་ཟན་བཅས་སུ་དབྱེ་ཡོད། གྲགས་པ་དབང་ལྡན་གྱི་ནང་མི་ཚང་མ་ཁྲལ་པ་ཡིན་པས་ལོ་ལྟར་དཔྱིད་འདེབས་སྐབས་གཞིས་ཀའི་བདག་པོའི་ས་ནས་སོན་གཡར་ཏེ་བཏབ་ཀྱང་སྟོན་བསྡུའི་སྐབས་སུ་འབྲུ་རིགས་མང་ཆེ་བ་གཞིས་ཀའི་བདག་པོས་འཕྲོག་ནས་ལྟོ་གོས་འཕྱིད་ཙམ་ལས་མེད།
    སྤྱི་ཚོགས་རྙིང་པར་གྲགས་པ་དབང་ལྡན་གྱི་ནང་མི་དགུ་ཉིན་ལྟར་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད། རྩམ་ཐུག་ཕྲུ་གུའི་ལག་མཐིལ་གྱི་ཆེ་ཆུང་ཙམ་གྱི་ཕོར་པ་གང་ལས་འཐུང་རྒྱུ་མེད་པ་དེ་ཡང་ཧ་ཅང་སླ་བས་ངོ་གདོང་ཡང་གསལ་པོ་མཐོང་གི་ཡོད། “མེ་ལོང་མཐོང་མ་མྱོང་ན། ཨ་ཅག་གི་རྩམ་ཐུག་ལ་ལྟོས”ཞེས་པ་དེ་ས་གནས་དེ་གའི་རྒན་རྒོན་ཚོས་རྒྱུན་དུ་གཏོང་བའི་དམངས་གཞས་ཤིག་རེད། ཞིང་བྲན་ལ་ནོར་འཁྲུལ་ཏོག་ཙམ་བྱུང་ན་རྟ་ལྕག་གིས་ཉེས་རྡུང་གཏོང་བ་དང་ཉལ་ས་ནི་ཆར་རླུང་འགོག་མི་ཐུབ་པའི་ཁང་ཧྲུལ་ཡིན།
    བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གྲགས་པ་དབང་ལྡན་གྱི་ཁྱིམ་ལ་སྒོ་ཕྱུགས་དང་། སྡོད་ཁང་། ས་ཞིང་མུའུ་15 ཐོང་གཤོལ་སོགས་རག་ཡོད། 1960ལོའི་ལོ་གསར་ནི་ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་པའི་ལོ་དང་པོ་ཡིན། ནང་མི་ཚང་མ་དགའ་སྤྲོ་མཉམ་འཛོམས་ངང་སྤགས་དང་ཚགས་ཤ་ཟ་བཞིན་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།
     ལོ་11གོང་གྲགས་པ་དབང་ལྡན་ལྷ་སར་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ། ཕྲུ་གུ་གསུམ་ཡང་དེ་བས་ལེགས་པའི་སློབ་གསོ་དང་ལེན་ཐུབ་ནས་འཚར་ལོངས་བྱུང་ཡོད།
     བོད་ཀྱི་འབྲུ་རིགས་ཐོན་ཚད་ལོ་9བསྟུད་མར་ཏུན་ཁྲི་100ཡན་རྒྱུན་འཁྱོངས་ཐུབ་ཡོད། བོད་ཀྱི་ཞིང་ལས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་དཔང་པོ་བྱེད་མཁན་བགྲེས་སོང་ཁོང་གིས་སྔར་བཞིན་འབྲུ་རིགས་ལ་གཅེས་སྤྲས་བྱས་ནས་ཟ་མ་འཕྲོག་བརླག་གཏོང་གི་མེད། ཁོང་གིས“རྩམ་པ་ནས་བདེ་སྐྱིད་ཀྱི་བྲོ་བ་ཚོར་ཐུབ་ཀྱི་འདུག”ཅེས་བརྗོད།
     སློབ་གསོ་ནི་མུ་ཏིག་ལས་རྩ་ཆེ།
    ཉི་འོད་རབ་ཏུ་འཕྲོས་པའི་ལྷ་སའི་བོད་བཟོའི་སྒོ་ར་ཆུང་ཆུང་ཞིག་ཏུ་ལོ་79ལ་སླེབས་པའི་བུ་ཚེ་རིང་དཔེ་དེབ་ལྟ་བཞིན་འདུག ཤོག་ངོས་རེ་རེ་ཐོག་བྲིས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཟིན་བྲིས་ཡིག་གཟུགས་ཧ་ཅང་སྙིང་རྗེ་པོ་འདུག
    བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པས་ཁོང་གི་ཕ་ཡུལ་གཞིས་རྩེ་པ་སྣམ་ལ་བརྟན་ལྷིང་དང་འཕེལ་རྒྱས་བྱུང་བ་མ་ཟད། ཁོང་ལ་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཀྱང་ཐོབ། སྔོན་མ་ཁྲལ་པ་ཡིན་པའི་ཁོང་གི་པཱ་ལགས་ཀྱིས་ཁོང་ལ“ང་ཚོའི་ཁྱིམ་དུ་མི་རབས་ནས་མི་རབས་བར་ཡི་གེ་ཤེས་མཁན་གཅིག་ཀྱང་མེད་པས་ཁྱེད་ཀྱིས་ངེས་པར་དུ་རིག་གནས་ཡག་པོ་སྦྱོང་དགོས”ཞེས་མངགས་བཅོལ་གནང་བ་གསལ་པོར་ངེས་ཀྱི་ཡོད།
    “སློབ་གསོ་ནི་མུ་ཏིག་ལས་རྩ་ཆེ”ཞེས་བརྗོད་བཞིན་བུ་ཚེ་རིང་གིས་སློབ་གྲྭར་ཤེས་བྱའི་གནས་ལ་སྦྱངས་པ་མཐར་ཕྱིན་བྱས།
    སློབ་གྲྭ་ཐོན་རྗེས་གཞིས་རྩེར་ཡིག་སྒྱུར་གྱི་ལས་ཀ་བྱེད་ཅིང་། ཁོམ་པ་བྱུང་མ་ཐག་ཁོང་གིས་རྒྱ་རིགས་བློ་མཐུན་ཚོའི་ས་ནས་གསར་འགྱུར་གནད་བསྡུས་དང་རྩིས་རྒྱག་སྟངས་སྦྱངས་པ་མ་ཟད། ཕྱིས་སུ་ད་དུང་དབྱིན་ཡིག་དང་གློག་ཀླད་ཀྱང་སྦྱངས་པ་རེད།
    “ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་པས་ཡིག་རྨོངས་བ་ཞིག་ཡིན། ཕྱིས་སུ་སློབ་གྲྭར་ཕྱིན་པས་ངའི་ལས་དབང་ལ་འགྱུར་ལྡོག་བྱུང་སོང་། ད་ཆ་སྲིད་ཇུས་ཡག་པོ་ཡོད་པས་ཕྲུ་གུ་སློབ་གྲྭར་གཏོང་དགོས”ཞེས་བུ་ཚེ་རིང་གིས་རྒྱུན་དུ་ཉེ་འཁོར་གྱི་མིར་དེ་ལྟར་བརྗོད་ཀྱི་ཡོད།
    1985ལོ་ནས་བཟུང་བོད་ཀྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་སློབ་གསོའི“འགན་ལེན་གསུམ”(བཟའ་བཏུང་དང་། ཉལ་ཁང་། གཞི་རྩའི་སློབ་སྦྱོང་ཡོ་ཆས་བཅས་འགན་ལེན)གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་འདི་ལོའི་སློབ་གསོའི“འགན་ལེན་གསུམ”(འཚོ་བཅུད་ལེགས་སུ་གཏོང་བ་ཚུད་པ)གྱི་ཚད་གཞི་མི་རེར་ལོ་རེར་སྒོར་5620ཟིན་ནས་སློབ་མ་ཁྲི་74.6ལ་ཕན་པ་ཐོབ་ཡོད།
    འཚོ་བ་སྦྲང་རྩི་ལས་མངར་བ།
    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བཀྲ་ཤིས་གྲོང་ཚོ་ནི་བོད་རྙིང་པའི་ཕུན་རབ་གཞིས་ཀས་དོ་དམ་བྱེད་ཀྱི་ཡོད། འདི་ལོ་ལོ་78ལ་སླེབས་པའི་ཚེ་བརྟན་གྱི་ཕ་མ་ནི་སྔོན་མ་གཞིས་ཀའི་ནང་ཟན་ཡིན་པ་དང་ཁོང་སྐྱེས་པ་ནས་བཟུང་ནང་ཟན་ཡིན། ཁོང་ཚོ་སྡོད་སའང་གཞིས་ཀའི་ལུག་ཚང་ཡིན་པས་དགོང་མོ་ལྗི་བས་ཟ་བ་དང་ཉིན་མོ་བཀྲེས་ལྟོགས་ཀྱིས་མནར་གྱི་ཡོད།
    བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཚེ་བརྟན་གྱི་ཁྱིམ་ལ་ས་ཞིང་དང་སྒོ་ཕྱུགས་རག་པ་མ་ཟད། གཞིས་ཀའི་བར་ཐོག་ཏུ་སྤོས། ཕྱིས་སུ་ནང་མི་མང་དུ་ཕྱིན་པའི་རྐྱེན་གྱིས་གཞིས་ཀའི་འགྲམ་དུ་ཁང་མིག་ལྔ་ཡོད་པའི་ཁང་པ་ཐོག་གཅིག་མ་ཞིག་བརྒྱབ། 2006ལོར་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་ཁ་གསབ་འོག་ཚེ་བརྟན་གྱིས་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་སྡོད་ཁང་གསར་པ་བརྒྱབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ།
     སྤྱི་ཚོགས་རྙིང་པར་ལུག་ཚང་ནང་སྡོད་པ་ནས་ད་ཆ་བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་སྡོད་པའི་བར་ཚེ་བརྟན་གྱི་སྡོད་ཁང་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད་ཆོག ཚེ་བརྟན་གྱིས“ང་ཚོར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་གཞིས་ཀའི་སྐྱི་གཡའ་བའི་འཚོ་བ་མཇུག་བསྒྲིལ་བ་དང་། ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྦྲང་རྩི་ལས་ཀྱང་མངར་བ་ཡོད”ཅེས་བརྗོད།
    “ད་ཆ་ཟླ་རེར་ད་དུང་རྒན་གསོའི་དངུལ་སྒོར་260ལེན་རྒྱུ་ཡོད། མི་རིང་བའི་གོང་ངས་སྨན་ཁང་དུ་ཕོ་བ་དང་མིག་ལ་བརྟག་དཔྱད་བྱེད་སྐབས་སྨན་རིན་མང་ཆེ་བ་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་པས་སྨན་རིན་མང་པོ་སྤྲོད་དགོས་མ་བྱུང”ཞེས་ཚེ་བརྟན་གྱིས་བརྗོད།
     ཚེ་བརྟན་རྒྱུན་དུ་གྲོང་ཚོའི་འཁྲབ་སྟོན་སྣ་ཚོགས་ལ་ལྟ་རྒྱུར་དགའ་པོ་ཡོད་ལ། ལྷ་སར་ཕྲུ་གུར་བལྟ་བར་འགྲོ་སྐབས་བར་སྐོར་དང་ཕོ་བྲང་པོ་ཏ་ལར་སྐོར་བ་བསགས་རྒྱུར་དགའ་པོ་ཡོད།
    ད་ཆ་ཕུན་རབ་གཞིས་ཀར་སྔོན་མ་ཞིང་བྲན་སྡོད་སའི་ལུག་ཚང་སྔར་བཞིན་མཐོང་རྒྱུ་ཡོད། སྤྱི་ཚོགས་རྙིང་པར་སྤོ་ལགས་སྡོད་མྱོང་བའི་ལུག་ཚང་ལ་ལྟ་བཞིན་ཚེ་བརྟན་གྱི་ཚ་མོ་ཉི་སྒྲོན་གྱིས“སྐབས་དེ་དུས་ཀྱི་ལོ་རྒྱུས་ངས་བརྗེད་མི་སྲིད་ལ། ད་ཆ་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་འཚོ་བ་དེ་བས་བརྗེད་ག་ལ་སྲིད”ཅེས་བརྗོད།