འཚོལ་བཤེར།   
藏文频道
2024ལོའི་ཟླ་4ཚེས་1ཉིན།

༄༅།།བོད་ལྗོངས་ཀྱིས་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་བརྒྱ་ལྷག་ཙམ་དོན་འཁྱོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 04ཚེས་01ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྲང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ཀྱིས་གཙོ་གནད་རིག་དངོས་སྲུང་སྐྱོབ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། རྣམ་གྲངས་སྐོར་རྗེས་སྙེག་འདྲི་རྩད་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་དང་སྒྲུབ་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་ཁ་གསབ་མ་དངུལ་རྣམ་གྲངས་བརྒྱ་ལྷག་ཙམ་ལ་སྐུལ་འདེད་བཏང་ནས་ལེགས་པར་བསྒྲུབས་པས། ལྗོངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་པོས་མཐོ་རུ་ཕྱིན་ཡོད།
     བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མི་དང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲའོ་ཤིང་པང་གིས། 2023ལོར་བོད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་ཁ་གསབ་མ་དངུལ་གྱི་རྣམ་གྲངས་ཁག་125ལ་སྐུལ་འདེད་བཏང་ནས་ལེགས་པར་བསྒྲུབས་པ་དང་། 2024ལོའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་2.7རེ་འདུན་ཞུས་ནས་དོན་འཁྱོལ་བྱས་ཏེ། ནེ་ཨ་ཏིའི་རྡོ་ཆས་རྙིང་པ་སོགས་གནའ་ཤུལ་རིག་དངོས་སྲུང་སྐྱོབ་དོ་དམ་མ་ལག་འཛུགས་སྐྲུན་སོགས་རྣམ་གྲངས་ཁག་53ལག་ལེན་བསྟར་ཡོད། ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་དཔེ་རྙིང་སྲུང་སྐྱོབ་བེད་སྤྱོད་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་མཇུག་འགྲིལ་བ་དང་འབྲེལ། ཞིབ་བཤེར་རྩིས་ལེན་བྱས་པ་དང་དུས་ཐེངས་གསུམ་པའི་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད་པ་རེད།
     གཞན་ཡང་2023ལོར་བོད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་རེ་ཞུ་ཧུར་ཐག་བྱས་ནས་རིག་དངོས་བདེ་འཇགས་འགོག་སྲུང་རྣམ་གྲངས་ཁག་14ལག་ལེན་བསྟར་ཡོད།
     ལྗོངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་སྲུང་སྐྱོང་སྔར་ལས་ཡག་པོ་བྱེད་ཆེད། 2023ལོར་བོད་ཀྱིས་ད་དུང་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷ་ལྡན་གཙུག་ལག་ཁང་། བཀྲས་ལྷུན་དགོན་སོགས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་5ཡི་སྲུང་སྐྱོབ་འཆར་འགོད་ཁྱབ་བསྒྲགས་བྱས་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་79ཡི་མཚམས་ཐིག་གཉིས་གསལ་འབྱེད་གཏན་འཁེལ་བྱས་ཡོད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་དགོན་སྡེ་དང་དགོན་སྡེའི་སྤོ་རུང་རིག་དངོས་ཁག་575ཐོ་བཀོད་ནས་ཡིག་ཚགས་བཟོས་པ་མ་ཟད། ད་དུང་གྲགས་ཅན་རྡོ་རིང་དང་རྡོ་བརྐོས་རིག་དངོས་ཁག་59འདེམས་སྒྲུག་འོས་སྦྱོར་དང་ཐོན་ཁུངས་མཐིལ་རྟོགས་ཀྱི་བརྟག་ཞིབ་ལས་དོན་ཡང་ལེགས་པར་བསྒྲུབས་པའི་ནང་རྡོ་རིང་དང་རྡོ་བརྐོས་ཁག་15རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《གནའ་བོའི་གྲགས་ཅན་རྡོ་རིང་དང་གྲགས་ཅན་རྡོ་བརྐོས་རིག་དངོས་ཁག་དང་པོའི་མིང་གཞུང》ནང་ཚུད་ཡོད་པ་རེད།
     (སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཟླ་ཕུར་གྱིས་ཞུས)