འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་31ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་31ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྲངས་གཞི་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ས་མཐོའི་ཐོན་ཁུངས་ཀྱི་ནུས་རྒྱུའི་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་པ་དང་། ལྗང་མདོག་གློག་ཤུགས་ལྗང་མདོག་རྩིས་ནུས་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། “ཤར་གྲངས་ནུབ་རྩིས”དང་། “ཤར་གྲངས་ནུབ་གསོག”“ཤར་གྲངས་ནུབ་སྦྱོང”བཅས་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་ནུབ་རྒྱུད་ཀྱིས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཀྱི་རྟེན་གཞི་གཏོད་རྒྱུར་གཞི་ཚུགས་པ་དང་། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་མཚོ་སྔོན་ཞིང་ཆེན་གྱི་གལ་ཆེའི་ཐོན་སྐྱེད་ནུས་ཤུགས་གསར་མར་འགྱུར་བར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བཅས་བྱ་ཆེད། ཞིང་ཆེན་གྲངས་གཞི་ཅུས་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་མི་སྤྱི་ཐིང་སོགས་ཀྱིས་མཉམ་དུ་བཟོས་པའི《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་བཀྲམ་པ་རེད།
     《བྱ་ཐབས》ནང་ལྗང་གློག་གི་འདེགས་སྐྱོར་དང་། ཐོན་ལས་སྐྱེད་སྲིང་། དངུལ་རྩའི་རྒྱབ་སྐྱོར། ཚན་རྩལ་གསར་གཏོད། ཤེས་ལྡན་པ་ནང་འདྲེན་གསོ་སྐྱོང་། ཚོང་གཉེར་ཁོར་ཡུག་སོགས་ཕྱོགས་དྲུག་ཐད་ནས་ནུས་རྒྱུ་གཙང་མ་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནུས་ཆེ་ཐཱན་ཉུང་དང་ལེགས་བསྡུས་ཞིབ་གཉེར་འཁོར་རྒྱུག་གི་ལྗང་མདོག་གྲངས་གཞིའི་ལྟེ་གནས་གང་མགྱོགས་བསྐྲུན་ནས། ཤར་རྒྱུད་ས་ཁུལ་གྱི་ལས་སྒོའི་དགོས་མཁོར་སྦྲེལ་མཐུད་ཧུར་ཐག་བྱེད་དགོས་ཞེས་བཏོན་ཡོད།
     མཚོ་སྔོན་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པ་དང་། གནམ་གཤིས་སྐམ་ཤས་ཆེ་བ་དང་། གྲང་བ། མཁའ་རླུང་གཙང་བ་བཅས་ཡོད་ལ། ལོ་འཁོར་མོའི་སྐམ་ཤས་ཆེ་ཚད་ཏུའུ་2.38ཟིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་4ལས་དམའ་བས། གྲངས་གཞིའི་ལྟེ་གནས་སུ་ལོ་འཁོར་མོའི་ཉིན་314ལ་རང་བཞིན་གྱིས་ཚ་གཅོག་ཐུབ་པ་དང་། གྲང་བཟོའི་གློག་སྤྱོད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་40%ཙམ་གྱིས་དམའ་བ་ཡོད། མཁའ་རླུང་གཙང་ཞིང་སྐམ་ཤས་ཆེ་བས་འབྲེལ་ཡོད་གློག་རྡུལ་སྒྲིག་ཆས་བེད་སྤྱོད་བྱེད་ཡུན་10%ཡན་རིང་དུ་གཏོང་ཐུབ། 2023ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་དུ་གྲངས་གཞིའི་ལྟེ་གནས་ཀྱི་ཚད་ལྡན་འཁོར་སྒྲོམ་ཁྲི་4.3བསྐྲུན་དང་སྐྲུན་བཞིན་ཡོད་པ་2022ལོའི་དུས་མཚུངས་ལས་34.4%འཕར་ཡོད། གསར་འཕར་བྱུང་བའི་རིག་ནུས་རྩིས་ནུས་ཀྱི་གཞི་ཁྱོན་280PFLOPSཟིན་ཡོད། 2025ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གྲངས་གཞིའི་ལྟེ་གནས་ཀྱི་ཚད་ལྡན་འཁོར་སྒྲོམ་ཁྲི་10ལྷག་ཙམ་ཟིན་ནས་འཁོར་སྒྲོམ་སྒྲིག་སྦྱོར་བྱེད་ཚད་65%ཡན་ཟིན་རྒྱུ་དང་། རྩིས་ནུས་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཏེ་གཞི་ཁྱོན་བསྡོམས་2.06EFLOPSཟིན་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཐད《མཚོ་སྔོན་ཞིང་ཆེན“ཤར་གྲངས་ནུས་རྩིས”རྒྱལ་ཁབ་ཀྱི་བཀོད་པའི་ལས་ཀའི་ཇུས་གཞིའི་ནང་གང་མགྱོགས་མཉམ་འདྲེས》དང་། 《མཚོ་སྔོན་གྱི་ལྗང་མདོག་ཐཱན་མེད་རྩིས་ནུས་ཀྱི་དྲ་རྒྱ་འཛུགས་སྐྱོང་གི་བྱ་སྤྱོད་འཆར་གཞི(2023—2025ལོ)》 《མཚོ་སྔོན་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2023—2025ལོ)》 《མཚོ་སྔོན་ཞིང་ཆེན་གྱིས“གྲངས་གཞིར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི”ལས་དོན་གྱི་ཇུས་གཞི(2023—2025ལོ)》 《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྱོང་གི་ཇུས་གཞི》སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་སྔ་རྗེས་སུ་བཏོན་པ་དང་ཆབས་ཅིག ལྗང་མདོག་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་དཔྱད་འབེབས་དང་། ནུས་རྒྱུ་གཙང་མའི་བེད་སྤྱོད་གདེང་འཇོག་བྱ་ཐབས། ཆ་འཕྲིན་མ་ལག་གི་ནུས་འབྲས་རིམ་པ། ཚོད་ལྟ་བྱ་ཐབས། རིག་ནུས་བཀོལ་སྤྱོད་བདག་སྐྱོང་ཚད་ལྡན། ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་ལག་རྩལ་ཚད་ལྡན་བཅས་ས་གནས་ཀྱི་ཚད་གཞི་ཁག་5ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཡོངས་སུ་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཀྱི་ཚད་གཞི་བཟོ་བའི་ཞིང་ཆེན་ཐོག་མ་དེར་གྱུར་ཡོད་པ་རེད།
     (བསྟན་བཟང་གིས་བསྒྱུར། བསོད་བདེ་གཞོན་པས་ཞུས)