འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་31ཉིན།

༄༅།།《2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཏོང་ཡོང་སྙན་ཞུ》ཁྱབ་བསྒྲགས་བྱས་པ།

——རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་31ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་2023ལོའི་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་དོ་སྙོམས་རེའུ་མིག་དང་དེ་བཞིན《2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་གཏོང་ཡོང་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲའི་གཏོང་མང་ཡོང་ཉུང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2530ཟིན་པའི་ནང་དངོས་ཟོག་ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་ཨ་སྒོར་དུང་ཕྱུར་5939དང་ཞབས་ཞུའི་ཚོང་དོན་གྱི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2078ཟིན་ཡོད། མ་རྩ་དང་དངུལ་རྩའི་རྩིས་ཁྲའི་ཐོག་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2151ཟིན་པའི་ནང་མ་རྩའི་རྩིས་ཁྲའི་ཐོག་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་3ཟིན་པ་དང་། གྲབས་གསོག་མིན་པའི་དངུལ་རྩའི་རྩིས་ཁྲའི་ཐོག་གི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2099ཟིན་པ། གྲབས་གསོག་རྒྱུ་ནོར་ཨ་སྒོར་དུང་ཕྱུར་48འཕར་ཡོད་པ་རེད།
     སྙན་ཞུའི་ནང་། 2023ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ནུས་པ་ཉམས་ཞན་དུ་ཕྱིན་པར་བརྟེན་ཨ་རི་དང་ཡོ་རོབ་ཀྱི་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཁག་གིས་དངུལ་ལོར་ཁུ་བསྡུའི་སྲིད་ཇུས་མཐའ་འཁྱོངས་བྱེད་པ་དང་ས་སྦྲེལ་ཆབ་སྲིད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེན་པོ་ཡོད། རང་རྒྱལ་གྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་རྒྱལ་དམངས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་དཔལ་འབྱོར་འཕར་བའི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་སླར་གསོ་བྱུང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་ཐེབས་ཡོད། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་ལྡེམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་ཁྲོམ་རའི་སྔོན་དཔག་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་དང་ཕྱི་དངུལ་ཉོ་ཚོང་དཔྱོད་ཤེས་དང་གོ་རིམ་ལྡན་པ་ཞིག་བྱུང་ཡོད་ཅེས་བསྟན་ཡོད།
     2023ལོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་ལོ་མཇུག་ཏུ་ཕྱི་དངུལ་གསོག་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.2ཡན་རྒྱུན་འཁྱོངས་ཐུབ་ཡོད། རྒྱུན་གཏན་གྱི་རྩིས་ཁྲའི་གཏོང་མང་ཡོང་ཉུང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2530ཟིན་པ་དེ་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)གྱི་བསྡུར་ཚད་1.4%ཟིན་ནས་མུ་མཐུད་ལུགས་མཐུན་དོ་སྙོམས་ཀྱི་བར་མཚམས་སུ་གནས་ཡོད། དེའི་ནང་། དངོས་ཟོག་ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་ཨ་སྒོར་དུང་ཕྱུར་5939ཟིན་ནས་ལོ་རྒྱུས་ཀྱི་མཐོ་གནས་གཉིས་པར་སླེབས་ཏེ་རང་རྒྱལ་གྱིས་ཐོན་ལས་རིམ་སྤོར་དང་ཕྱི་ཕྱོགས་ཉོ་ཚོང་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བའི་གྲུབ་འབྲས་མངོན་ཡོད། ཞབས་ཞུའི་ཚོང་དོན་གྱི་གཏོང་ཉུང་འདྲེན་མང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2078ཟིན་པ་དང་གྲོང་མི་རྒྱལ་སྒྲོལ་ཡུལ་སྐོར་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱ་རྒྱུ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་མོད། འོན་ཀྱང་རིམས་ནད་གོང་གི་ཆུ་ཚད་ལས་དམའ་བ་ཡོད། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ཀྱི་དུས་བབ་ལེགས་སུ་ཕྱིན་ཡོད། གསོག་འཇོག་མིན་པའི་དངུལ་རྩའི་རྩིས་ཁྲའི་གཏོང་ཉུང་འདྲེན་མང་གི་ཧེ་བག་དང་རྒྱུན་གཏན་རྩིས་ཁྲའི་གཏོང་མང་ཡོང་ཉུང་གི་ཧེ་བག་གཉིས་རང་བརྟེན་དོ་སྙོམས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པའི་ནང་ཀྲུང་གོར་རིགས་ཁག་གི་མ་འཇོག་སླར་གསོ་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་དང་། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་འཇོག་བྱེད་ཚད་གཙང་འཕར་བྱུང་ནས་དུས་ཚིགས་བཞི་པའི་གཞི་ཁྱོན་བརྟན་པོའི་ངང་འཕར་ཡོད། ཕྱི་རྒྱལ་མ་དངུལ་གྱིས་རང་རྒྱལ་གྱི་དངུལ་འཛིན་ལ་མ་འཇོག་བྱེད་པ་དེ་2022ལོའི་ཕྱི་རྒྱུག་ནས་ནང་རྒྱུག་ལ་སྒྱུར་བ་དང་དུས་ཚིགས་བཞི་པར་མ་འཇོག་ཁུལ་གྱི་བུན་འཛིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཕྱི་བུན་གྱི་འགྱུར་ལྡོག་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། རྒྱལ་ནང་གི་བྱེད་པོས་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་བྱེད་པའི་ལས་དོན་བརྟན་པོའི་ངང་སྤེལ་བར་བརྟེན་ཕྱི་ཕྱོགས་དངུལ་འཛིན་མ་འཇོག་གི་དུས་བབ་བརྟན་པོ་དང་ཞི་ལྷོད་དུ་ཕྱིན་ཡོད། 2023ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་ཕྱི་ཕྱོགས་ཀྱི་རྒྱུ་ནོར་གཙང་མ་ཨ་སྒོར་དུང་ཕྱུར་ཁྲི་2.9ཟིན་ནས་2022ལོའི་ལོ་མཇུག་ལས་20%འཕར་ཡོད། (པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)