འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་30ཉིན།

༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་30ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་80ལྷག་ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཤིང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན”གྱི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་ཀྱི་ལྡོག་མེད་དང་བློ་འབྱེད་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་རྒྱལ་སྤྱི་ཅན་ལ་ཁྱབ་སྤེལ་གཏོང་བ་སོགས་ཀྱི་ཐད་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
     ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ཡན་ཝུན་གྱིས་ཤིས་ཚིག་སྒྲོན་སྐབས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམངས་གཙོའི་དབང་ཆ་རྒྱ་ཁྱབ་དང་གང་ལེགས་ལོངས་སྤྱོད་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལ་སྤྱི་ཡོངས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཆོས་དད་རང་མོས་འགན་ལེན་ནུས་ལྡན་ཐུབ་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ཐུབ་པ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ་བཅས་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད་ཅེས་བརྗོད།
     “བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་དཀའ་སྡུག་དང་དབུལ་ཕོངས་ཀྱི་གནས་སུ་གྱར་བའི་བོད་ཀྱི་དམའ་རིམ་མི་སེར་དཀྱུས་མར་རིན་ཆེན་གསེར་ལས་ལྷག་པའི་དམངས་གཙོའི་ཆབ་སྲིད་ཀྱི་དབང་ཆ་དང་ས་ཞིང་གི་ཐོན་ཁུངས་རག་སྟེ། མི་རབས་ནས་མི་རབས་བར་དབུལ་ཕོངས་དང་བཤུ་གཞོག་ཕོག་པའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད”ཅེས་ཨོ་སི་ཁྲུ་ལི་ཡར་ཡོད་པའི་བོད་རིགས་སྤུན་ཟླ་ཀུན་མཆོག་རྒྱ་མཚོས་བརྗོད་པ་དང་། ཁོང་གིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་མིའི་རིགས་བཅིངས་འགྲོལ་དང་ཡར་རྒྱས་ཀྱི་ལམ་བུའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དེང་རབས་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དང་ཞིབ་འཇུག་པ་སུང་གཡོད་ཧུང་གིས། ཞིང་བྲན་ཁྲི་ཚོ་བརྒྱར་ཆབ་སྲིད་དང་དཔལ་འབྱོར་ཐད་ཡར་ལངས་བཅིངས་འགྲོལ་ཐོབ་པ་མ་ཟད། ད་དུང་བསམ་པའི་ཐད་ལའང་ཡར་ལངས་བཅིངས་འགྲོལ་ཐོབ་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་དུས་སྐབས་ཁག་ཏུ་བོད་སྐད་ཡིག་དང་། མཚན་ཉིད་རིག་པ་དང་ཆོས་ལུགས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་སྲུང་སྐྱོང་དང་འཕེལ་རྒྱས་ནུས་ལྡན་བྱུང་ཡོད་ཅེས་བརྗོད།
     ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཅིན་ཚན་རུང་གིས། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་རྨང་གཞིའི་ཐོག་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་བརྗོད།
     “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་དོན་ཆེན་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཀྱང་རེད”ཅེས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་གིས་བརྗོད་པ་དང་། ཁོང་གིས། རླབས་ཆེན་གྱི་དོན་ཆེན་འདིར་དྲན་གསོ་ཞུ་བ་ནི་བདེན་རྫུན་གྱི་དྲང་འཁྱོག་གསལ་འབྱེད་དང་། བཟང་ངན་གྱི་དབྱེ་མཚམས་གསལ་འབྱེད། མིའི་ལ་རྒྱ་སྲུང་སྐྱོང་། མི་ཡུལ་གྱི་དྲང་བདེན་དྲང་གཞག་མཐའ་འཁྱོངས། ནོར་འཁྲུལ་གྱི་ངེས་ཤེས་ཡོ་བསྲང་། ལོག་སྤྱོད་ཀྱི་ལྟ་བར་སུན་འབྱིན། བཟང་བརྫུས་ཀྱི་ངོ་རིས་དམར་འདོན་བཅས་དང་འབྲེལ་བ་ཡོད་ཅེས་བརྗོད།
     “ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བོད་རིག་པ་ཞིབ་འཇུག་གི་སྣེ་ཁྲིད་མཐུན་སྦྱོར་ནུས་པ་སྔར་བས་བཏོན་ནས། བོད་རིག་པ་ཞིབ་འཇུག་བྱ་གཞག་གི་རྣམ་པ་གསར་པ་བཏོད་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲེ་དགྲ་འདུལ་གྱིས་བརྗོད་པ་རེད།