འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་30ཉིན།

༄༅།།བོད་ཀྱི་ས་གནས་ཁག་གིས་བྱེད་སྒོ་སྤེལ་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་30ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་28ཉིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་བཅུ་དྲུག་པ་བསུས་ཤིང་། ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ཏེ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ་རེད།
     སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་2000ལྷག་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”བརྗིད་ཉམས་ལྡན་པའི་མཛད་སྒོར་ཞུགས་པ་རེད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》གྲགས་པ་དང་ཆབས་ཅིག མི་རྣམས་ཀྱིས་རྒྱལ་དར་ལ་ཁ་ཕྱོགས་ནས་གུས་སྟབས་ཀྱིས་ལངས་ཏེ་རྒྱལ་གླུ་བླངས་ཏེ་ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་འཆང་བ་དང་། རླབས་ཆེན་གྱི་དུས་རབས་གསར་པའི་བཀའ་དྲིན་ཚོར་བར་བྱས་པ་རེད། ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་སྡེ་ཁུལ་གྱི་གྲོང་མི་ལྷག་པས་ལུས་ལ་གཟབ་མཆོར་སྤྲས་ནས་རྒྱལ་དར་ལ་ཕྱོགས་ཏེ་གུས་ལུགས་མཚོན་པར་བྱས་ཤིང་། ཁོང་གིས“དམངས་གཙོའི་བཅོས་སྒྱུར་གྱིས་ལོ་ངོ་སྟོང་གི་ལྕགས་སྒྲོག་གཏོར་བ་ལས་ང་ཚོ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་སོང་། ད་ཆ་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་ཉིན་བཞིན་འགྱུར་ལྡོག་འགྲོ་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་གི་འདུག་ལ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ང་ཚོའི་བློ་རྩ་དེ་བས་ཀྱང་བརྟན་པོར་གྱུར་སོང”ཞེས་བཤད།
     ཉིན་དེར། བོད་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས“བོད་རྙིང་པར་ཞིང་བྲན་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་ཤིང་། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པར་རྟ་ཟོག་སེམས་ཅན་ལྟ་བུའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད། ད་ཆ་ཏང་གི་ཐུགས་ཁུར་འོག ང་ཚོ་གྱོན་ཆས་གསར་པ་གྱོན་རྒྱུ་ཡོད་པ་དང་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ། ལྟོ་གོས་ལ་སེམས་ཁྲལ་མེད་པ། ཁང་པའི་ནང་དུ་གློག་ཁྲིད་པ་མ་ཟད། ད་དུང་དགུན་ཁ་སྲིད་གཞུང་ནས་དྲོད་ལེན་ཁ་གསབ་དངུལ་ཡང་སྤྲོད་ཀྱི་འདུག་པས་བདེ་སྐྱིད་ལྡན་པའི་དུས་རབས་གསར་པར་དངོས་འབྲེལ་སླེབས་འདུག”ཅེས་བཤད།
     ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་ལོ་200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཆང་ཁྱིམ་གཞིས་ཀ་ནས་སླར་ཡང་གསོན་ཤུགས་གསར་པ་རྒྱས་བཞིན་མཆིས། “ཆང་ཁྱིམ་གཞིས་ཀའི་སྤྱི་པའི་རིག་གནས་ལྟེ་གནས”ཀྱི་སྒོ་མོ་ཟླ་3ཚེས་28ཉིན་སྤྱི་དམངས་ལ་རིན་མི་དགོས་པར་ཕྱེ་བར་ལྟད་མོ་བ་500ཙམ་གྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད། 2023ལོར་འཕྱོངས་རྒྱས་རྫོང་གིས་ཡུན་རིང་ཁུ་སིམ་མེར་གནས་པའི་གཞིས་ཀ་དེར་རིག་དངོས་གནའ་བོའི་འཛུགས་སྐྲུན་དངོས་པོའི་ནུས་པ་ཆེར་གཏོང་བེད་སྤྱོད་བྱེད་འགོ་ཚུགས་པ་རེད། “སྔོན་མའི་སྐུ་དྲག་གི་གཞིས་ཀ་དེ་ད་ཆ་མི་དམངས་ཀྱི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད། ང་ཚོས་གཞིས་ཀའི་ལོ་རྒྱུས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། སྤྱི་པའི་རིག་གནས་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་བ་བརྒྱུད་མི་དེ་བས་མང་པོས་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ཤེས་རྟོགས་ཐུབ་རྒྱུ་དང་། ས་གནས་དེ་གའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་འགྲེམས་སྟོན་གྱི་འགན་འཁུར་བ་ཧྥང་ཁུན་གྱིས་བཤད།
     “ན་ནིང་འགྲམ་འགག་སྒོར་འགྲུལ་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་ཤར་གཏོང་ཐུབ་ནས་ང་ཚོའི་ཚོང་སྔར་བས་ཡག་ཏུ་ཕྱིན་པ་དང་ཆབས་ཅིག འཚོ་བའང་དེ་བས་བདེ་སྐྱིད་ལྡན་པར་གྱུར་སོང”ཞེས་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དུ་མཐའ་མཚམས་ཀྱི་ཚོང་པ་གཡང་འཛོམས་ཀྱིས་ས་གནས་དེ་གའི་དྲན་གསོའི་བྱེད་སྒོར་ཞུགས་སྐབས་དེ་ལྟར་བཤད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཐའ་མཚམས་ས་ཁུལ་རྒྱུན་ཆད་མེད་པར་འཕེལ་རྒྱས་མགྱོགས་པོ་ཕྱིན་ཏེ། མི་རིགས་ཁག་གི་མང་ཚོགས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་གཞི་ཚུགས་ཤིང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ་དང་། ཤང་དང་གྲོང་རྡལ་གཙོ་བོ་ཚང་མ་གློག་དྲ་ཆེན་པོའི་ནང་བཅུག་པ། འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་བརྟན་པོའི་ངང་འཕར་ནས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད།
     “ད་ཆ་ཡུལ་སྨད་ཀྱི་ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་དཔེ་སྟོན་ཤང་དུ་གྱུར་སོང”ཞེས་དང་དུས་རབས་གསར་པའི་ཡུལ་སྨད་ཀྱི་མཐའ་སྲུང་བ་ཞིག་ཡིན་པའི་ངས་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དུས་དང་རྣམ་པ་ཀུན་དུ་དུས་བདེ་སྲུང་བ་དང་མང་ཚོགས་དང་ཉེ་བཅར་གྱིས་ཞབས་འདེགས་ཞུ་གི་ཡིན་ཞེས་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡོན་ཧའོ་ཅེ་ཡིས་བཤད།
     བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར། ངེས་པར་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་། བཀའ་དྲིན་ཚོར་བཞིན་མདུན་སྐྱོད་བྱེད་པ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་ཕྲག་ཏུ་འཁུར་བ། “དོན་ཆེན་བཞི”སྤྱི་ཡོངས་རང་བཞིན་གྱི་ངེས་གནས་དང་། ཕྱོགས་ཡོངས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་བཅས་སུ་བརྩིས་ནས་བོད་ཀྱི་བྱ་གཞག་ཁག་སླར་ཡང་སྐས་རིམ་གསར་པར་སླེབས་པ་དང་སླར་ཡང་འོད་སྟོང་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     (སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)