འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་
ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་ལྐོག་རྔན་བླངས་པ་དང་གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་
གང་བྱུང་དུ་སྤྱད་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 17:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་ཐེངས་དང་པོ་འཚོགས་ནས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་ལྐོག་རྔན་བླངས་པ་དང་གཞུང་ཁོངས་ཀུང་སིའི་མི་སྣའི་ངོས་ནས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་འདྲི་གཅོད་བྱས་པ་རེད།
     སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2002ལོ་ནས་2022ལོའི་བར་ཞུ་སྦྱོར་ཕྱི་མ་ཅི་གོ་ཀང་གིས་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ལྷན་མ་འཇོག་སིའི་དེ་སྔའི་ལས་རོགས་སྐོར་ཞིབ་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཏན་འཇགས་རྒྱུ་ནོར་མ་འཇོག་སིའི་ལས་རོགས་སྐོར་ཞིབ་པ་དང་སི་ཀྲང་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སོགས་ཀྱི་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེའམ་ཡང་ན་དེའི་འགན་དབང་དང་ཐོབ་ཐང་གི་སྟབས་བདེ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་གི་གོ་གནས་སྤྱད་པའི་བྱེད་སྤྱོད་བརྒྱུད་ལས་གྲྭ་འགན་གཙང་ལེན་པ་དང་། རྣམ་གྲངས་ལ་ཞིབ་མཆན་འགོད་པ། རྐང་དངུལ་གཞན་སྒྱུར་སོགས་ཀྱི་ཐད་ནས་འབྲེལ་ཡོད་ཚན་པ་དང་མི་སྒེར་ནས་ཁེ་ཕན་རག་ཐབས་བྱས་པ་དང་། རང་ཉིད་དམ་ཡང་ན་གཉེན་ཚན་བརྒྱུད་དེ་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་དག་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་4398ལྷག་ཙམ་ཟིན་གྱི་ཡོད་པ་རེད། 2016ལོ་ནས་2021ལོའི་བར། ཅི་གོ་ཀང་གིས་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཁྲིམས་གཏན་འཁེལ་བའི་འཐུས་མི་བྱེད་རིང་། གཞུང་ཁོངས་ཀུང་སིའི་ལས་དོན་མི་སྣའི་ངོས་ནས་ཉེར་ཕྱོགས་གཡོ་ཟོལ་དང་འགན་དབང་གང་བྱུང་དུ་སྤྱད་པས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་པ་དང་གཞུང་ཁོངས་ཀུང་སིའི་མི་སྣའི་ངོས་ནས་དབང་ཆ་གང་བྱུང་དུ་སྤྱད་པའི་ཉེས་པ་བསགས་པར་བརྟེན་ཅི་གོ་ཀང་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་རེ་བ་བཏོན་པ་རེད།
     ཁྲིམས་རའི་ཐོག་འདྲི་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་ཅི་གོ་ཀང་དང་དེའི་དག་འབུད་མཁན་གྱིས་ངོ་ཐུག་ར་སྤྲོད་བྱས་པ་རེད། ཞུ་འབོད་ཕྱོགས་དང་དག་འབུད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་པ་དང་། ཅི་གོ་ཀང་གིས་མཐའ་མའི་གསལ་བཤད་བྱས་པ་དང་འབྲེལ་ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། ཁྲིམས་རའི་འདྲི་གཅོད་མཇུག་བསྒྲིལ་རྗེས་ཁྲིམས་རས་ཁྲིམས་ས་འཚོག་མཚམས་བཞག་པ་དང་དུས་ཚོད་བཟོས་ནས་དཔྱད་ཁྲ་ཁྱབ་བསྒྲགས་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
     (བསོད་བདེ་གཞོན་པས་བསྒྱུར། པད་ཆོས་ཀྱིས་ཞུས)