འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།ཀྲུང་གོ་དང་ཨ་རིས་གྲོས་མོལ་ཚོཊ་འདུ་འཚོག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 17:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་3ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་དང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། 
     གསར་འགོད་པས། ད་ལོའི་ཟླ་དང་པོར་གསར་འགྱུར་མགྲིན་ཚབ་པས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཚོ་ཐོག་དམག་དོན་བདེ་འཇགས་ཀྱི་གྲོས་མོལ་ལམ་སྲོལ་ཚོགས་འདུའི་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། མིག་སྔར་གྱི་འཕེལ་རིམ་ཅི་འདྲ་རེད། ད་ལོར་ཀྲུང་གོ་དང་ཨ་རིའི་དམག་དཔུང་གཉིས་ཀྱིས་ད་དུང་བྱེད་སྒོ་གང་དག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས། 
     ཝུའུ་ཆན་གྱིས། ཀྲུང་ཨའི་གཙོ་བདག་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱས་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་ཆེད། ད་ལོའི་ཚུན། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་དམག་དཔུང་གཉིས་པོས་འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་ཐོག་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་བརྟན་པོའི་ངང་སླར་གསོ་ཐུབ་ཡོད། ཟླ་དང་པོའི་ཚེས་8ནས་ཚེས་9ཉིན་བར། ཀྲུང་གོ་དང་ཨ་རིས་ཝ་ཧྲིང་ཐོན་དུ་རྒྱལ་སྲུང་པུའི་ལས་དོན་ཐུག་འཕྲད་ཐེངས་17བྱས་ནས། ཕྱོགས་གཉིས་པོས་དམག་དཔུང་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་། དེ་བཞིན་ཐའེ་ཝན་དང་། ལྷོ་རྒྱ་མཚོ། མཚོ་ཐོག་དང་མཁའ་དབྱིངས་ཀྱི་བདེ་འཇགས་སོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པ་རེད། ཟླ་དང་པོའི་ཚེས་5ནས་ཚེས་19ཉིན་བར། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀོང་ཞི་དང་ཧུའུ་ནན་གྱི་ཡུལ་དངོས་སུ་རྩད་ཞིབ་བྱེད་པར་བསྐྱོད་རོགས་བྱས་ནས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་ཀྲུང་གོར་གར་སོང་ཆ་མེད་དུ་གྱུར་བའི་ཨ་རིའི་དམག་མིའི་པུར་རུས་བཙལ་བ་རེད། མིག་སྔར་ཀྲུང་གོ་དང་ཨ་རིའི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་ལམ་སྲོལ་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་ཡིན་པས། ང་ཚོས་དུས་ཚོད་རན་པོའི་ནང་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན། གཞན་ཡང་ཕྱོགས་གཉིས་པོས་ཁྱབ་ཁོངས་གཞན་དག་ཐད་སྤེལ་རེས་དང་མཐུན་སྦྱོར་བྱེད་བཞིན་ཡོད་ཅེས་བཤད།  
     ད་ལོ་ནི་ཀྲུང་ཨའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན་པས། ང་ཚོས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་ཏན་ཏིག་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། དམག་དཔུང་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།