འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་
མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།
ཟླ་3ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།
    ཞི་ཅིན་ཕིང་གིས་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་མི་སྣ་དཔྱིད་ཀྱི་དཔལ་ཡོན་བཞད་པའི་མཚམས་སུ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ཨའི་འབྲེལ་བ་ནི་འཛམ་གླིང་ཐོག་གལ་འགངས་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་གྲས་ཤིག་ཡིན། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་དམ་ཡང་ན་འགྲན་རྒོལ་བྱེད་མིན་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་མདུན་ལམ་ལས་དབང་དང་འབྲེལ་བ་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་གྲུབ་འབྲས་ནི་ཕན་ཚུན་གྱི་གོ་སྐབས་ཤིག་རེད། ཕྱོགས་གཉིས་པོས་ཕ་རོལ་པོ་རོགས་ཟླར་བརྩིས་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་བྱས་ཚེ། ཀྲུང་ཨའི་འབྲེལ་བ་ཡག་ཏུ་འགྲོ་སྲིད། འདི་ལོ་ནི་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད་ལ། ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཤིག་ཀྱང་རེད། དེ་སྔ་ནི་མི་དམངས་ལ་བརྟེན་ནས་ལོ་རྒྱུས་རྩོམ་པ་དང་འབྱུང་འགྱུར་ནི་དེ་བས་མི་དམངས་ལ་བརྟེན་ནས་གསར་གཏོད་བྱེད་དགོས། ཀྲུང་གོར་ཤོད་སྲོལ་འདི་འདྲ་ཞིག་ཡོད་དེ། ཆུ་ཐིགས་བསགས་པ་འགེངས་དཀའ་ཡང་། བོར་ན་ཅིག་ཅར་ཉིད་དུ་འཛད། དེར་བརྟེན་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་མི་སྣ་འགྲོ་འོང་དང་སྤེལ་རེས་མང་ཙམ་བྱས་ནས་ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་གསོག་པ་དང་། ཡིད་ཆེས་ཆེར་གཏོང་། འགོག་རྐྱེན་སྣ་ཚོགས་སེལ་བ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་དངོས་དངོས་རྗེན་རྗེན་གྱི་ཕན་པ་དང་འཛམ་གླིང་ལ་དེ་བས་མང་བའི་བརྟན་ལྷིང་རང་བཞིན་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཨ་རི་ཕྱོགས་ཀྱི་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། ཁོང་ཚོས་སེམས་ཁུར་བྱེད་པའི་གནད་དོན་ལ་རེ་རེ་བཞིན་ལན་བསྐྱོན་པ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་ནི་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པ་ཞིག་ཡིན། ན་ནིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མདུན་གྲལ་དུ་སླེབས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་མུ་མཐུད་30%ཡན་ཟིན་ཡོད། དེ་ནི་ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད་ལ།
    རྒྱལ་སྤྱིའི་མཉམ་ལས་དང་ཡང་ཁ་འབྲལ་ཐབས་མེད། ཀྲུང་གོའི་འཕེལ་རྒྱས་ཀྱིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་པར་བརྟེན་ད་ལྟའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་འགྱུར་བྱུང་ཡོད། སྔོན་མ“ཀྲུང་གོ་ཉམས་པ་སྨྲ་བ”ཇི་བཞིན་ཉམས་མེད་ལ། ད་ཆ་ཡང“ཀྲུང་གོ་རྩེ་མོ་རྦབ་རིལ་སྨྲ་བ”ཇི་བཞིན་རྒུད་མི་སྲིད་པར། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཀྲུང་གོ་མི་དམངས་རྒྱུན་ཆད་མེད་པར་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་མ་ཟད། འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ནི་འོད་ཟེར་ལྡན་པ་ཞིག་ཡོད་ཅིང་། དེའི་ཐད་ང་ཚོར་སྤོབས་སེམས་དང་གདེང་ཚོད་ཡོད།
    ཞི་ཅིན་ཕིང་གིས་བསྟན་དོན། ངས་སྒྱུར་བཅོས་སྒོ་དབྱེ་ནི་དེང་སྐབས་ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ཞེས་ཐེངས་མང་གླེང་མྱོང་། ཀྲུང་གོའི་སྒྱུར་བཅོས་བྱེད་མཚམས་འཇོག་མི་སྲིད་པ་དང་སྒོ་དབྱེའི་གོམ་སྟབས་ཀྱང་སྤོ་མཚམས་འཇོག་མི་སྲིད། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཇུས་འགོད་དང་ལག་བསྟར་བྱས་ནས་མུ་མཐུད་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཏེ་ཨ་རིའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་བར་མཐོངས་མཁོ་འདོན་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བར་ཐོན་པའི་གནས་ཚུལ་གསར་པ་དང་འགྱུར་ལྡོག་གསར་པར་དམིགས་ནས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། འདྲ་མཉམ་གྲོས་མོལ་བཅས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་གྱི་ཆོས་ཉིད་དང་ཁྲོམ་རའི་སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ་དང་། དཔལ་འབྱོར་ཚོང་དོན་གྱི་གཉིས་ཁེ་མཉམ་ལས་རྒྱ་ཆེ་དང་གཏིང་ཟབ་ཏུ་གཏོང་བ། ཕན་ཚུན་དབར་གྱི་འཕེལ་རྒྱས་དབང་ཆར་བརྩི་འཇོག་བཅས་བྱས་ཏེ། ཀྲུང་ཨ་རྒྱལ་ཁབ་གཉིས་པོར་གཉིས་ཁེ་ཐོབ་པ་དང་འཛམ་གླིང་ཡོངས་ལ་ཕན་པ་ཐོབ་པའི་བརྩོན་ལེན་བྱས་ཡོད། ཨ་རིའི་ཁེ་ལས་མང་པོ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སོགས་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་ཆེ་གྲས་ནང་ཞུགས་ནས་མུ་མཐུད་ཀྲུང་གོར་མ་འཇོག་དང་། ཀྲུང་གོར་རྩ་བ་ཚུགས་པ། ཀྲུང་གོ་ནས་ཕན་པ་ཐོབ་པ་བཅས་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་དེ་དག་རིང་། ཀྲུང་ཨའི་འབྲེལ་བར་འགོག་རྐྱེན་མི་ཉུང་བ་ཞིག་འཕྲད་ཡོད་ལ། འགྲན་སློང་ཡང་དྲག་པོ་འཕྲད་མྱོང་ཞིང་་དེའི་ཁྲོད་ཀྱི་བསླབ་བྱ་ནི་དང་ལེན་བྱེད་རིན་ཡོད། ཀྲུང་ཨའི་འབྲེལ་བ་སྔོན་མ་ལྟར་ལ་ལོག་མི་སྲིད་ཀྱང་དེ་བས་ལེགས་པའི་འབྱུང་འགྱུར་ཡོང་ངེས། ན་ནིང་ང་དང་ཙུང་ཐུང་པེར་ཀྲེམ་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་སྐབས་ཀྱི་ཐུན་མོང་གི་ངོས་འཛིན་ཆེ་ཤོས་ནི་ཀྲུང་ཨའི་འབྲེལ་བ་བརྟན་དུ་དང་ལེགས་སུ་གཏོང་དགོས་པ་དེ་རེད། འདས་ཟིན་པའི་ཟླ་ཤས་རིང་ཕྱོགས་གཉིས་པོའི་ཚོགས་པས་ང་དང་ཙུང་ཐུང་པེར་ཀྲེམ་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལ་དམིགས་ཏེ་ཆབ་སྲིད་ཀྱི་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན་དང་ནོར་སྲིད་དངུལ་རྩ། ཁྲིམས་སྒྱུར་དུག་འགོག གནམ་གཤིས་འགྱུར་ལྡོག མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་འབྲེལ་བ་རྒྱུན་འཁྱོངས་བྱས་པར་གྲུབ་འབྲས་ཐོབ་ཡོད། མིག་སྔའི་དུས་བབ་འོག་ཀྲུང་ཨའི་ཐུན་མོང་གི་ཁེ་ཕན་ཆག་མེད་པར་དེ་བས་མང་དུ་ཕྱིན་ཡོད། དཔལ་འབྱོར་ཚོང་དོན་དང་ཞིང་ལས་སོགས་སྲོལ་རྒྱུན་གྱི་ཁྱབ་ཁོངས་སམ་ཡང་ན་གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་སུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་ཕ་རོལ་པོའི་འཕེལ་རྒྱས་ལ་རོགས་རམ་བྱེད་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས་པ་ལས་འགོག་རྐྱེན་བར་འགྱུར་མི་རུང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་ཨའི་མཐུན་སྦྱོར་མཉམ་ལས་མཁོ་བ་དང་རྒྱལ་ཁབ་ཆེན་པོའི་བློ་རྒྱ་མངོན་པར་བྱེད་དགོས་ལ། རྒྱལ་ཁབ་ཆེན་པོའི་འགན་འཁྲིའང་འཁུར་དགོས། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁ་ཕྱོགས་གཅིག་ལ་བསྐྱོད་དེ་འཐབ་ཇུས་ཀྱི་ངེས་ཤེས་ཡང་དག་འཛུགས་པ་དང་། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། ཀྲུང་ཨའི་འབྲེལ་བ་སྡུག་ཏུ་འགྲོ་མཚམས་ཆད་ནས་བརྟན་དུ་འགྲོ་བའི་དུས་བབ་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་མཉམ་གནས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་ཀྲུང་ཨའི་འབྲེལ་བ་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
    ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་པོ་ཀེ་དང་། ཧེ་ཧྲི་ཚོགས་པའི་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་སུའུ་ཧྲི་མིན། ཀའོ་ཐུང་ཀུང་སིའི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཨན་མོང་། ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་སྲོལ་གཏོད་མཁན་ཡོན་ཀྲང་ཨའེ་ལི་སེན། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཨའེ་ལུན་སོགས་ཨ་རི་ཕྱོགས་ཀྱི་འཐུས་མིས་གཏམ་བཤད་སྤེལ་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་མཛད་བྲེལ་ཆེ་ཡང་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོར་དཔལ་འབྱོར་འཕར་བ་དང་ཕྱོགས་སྒྱུར་ཐད་ལ་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་ནས་ལྡེམ་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་དེ་བས་རྒྱུན་མཐུད་ཆོག་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་བཞིན་ཡོད། ཀྲུང་གོ་མི་དམངས་ཀྱི་འཕེལ་རྒྱས་དབང་ཆར་ངེས་པར་དུ་བརྩི་འཇོག་བྱེད་དགོས། ཀྲུང་གོས་རང་ངོས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད། སྟོབས་དང་ལྡན་ཞིང་དར་རྒྱས་ཆེ་བའི་ཀྲུང་གོ་ནི་འཛམ་གླིང་གི་དྲང་ནུས་ཤིག་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་དམ་ཟབ་ཡོད། རྒྱལ་ཁབ་གཉིས་པོས་ཞི་བདེ་མཉམ་གནས་བྱས་ཚེ་གཞི་ནས་རང་སོ་སོ་འཕེལ་རྒྱས་དང་དར་རྒྱས་ཡོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཉེ་དུས་བཏོན་པའི་སྒྱུར་བཅོས་སྒོ་དབྱེ་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པར་ཨ་རིའི་ཁེ་ལས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ལྟ་སྟངས་ཀྱང་ཡག་པོ་འཛིན་གྱི་ཡོད་པས། བློ་བརྟན་འགྱུར་མེད་ངང་ཀྲུང་གོར་མུ་མཐུད་རྩ་བ་ཚུགས་ནས་ཀྲུང་གོ་དང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེར་ཀྲེམ་ན་ནིང་ཟླ་11པར་ཅིའུ་ཅིན་ཧྲན་དུ་གྲུབ་འབྲས་ཐོབ་པའི་ངང་ཞལ་འཛོམས་གནང་བ་དེས་ཨ་རིའི་ལས་རིགས་ཁག་དང་འཛམ་གླིང་གིས་ཨ་ཀྲུང་འབྲེལ་བའི་འབྱུང་འགྱུར་ལ་བཅངས་པའི་སྔོན་དཔག་དང་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱིས་ཨ་ཀྲུང་ཕྱོགས་གཉིས་པོས་རིམ་པ་ཁག་དབར་འགྲོ་འོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་དང་། ཡིད་ཆེས། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ་བརྟན་ལྷིང་དང་། རྒྱུན་མཐུད་ཆོག་པ། གྲུབ་འབྲས་ཀྱིས་ཕྱུག་པ་བཅས་ཀྱི་ཨ་ཀྲུང་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
   ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
ཟླ་3ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།
ཟླ་3ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་བཟོ་ཚོང་ལས་རིགས་དང་འཐབ་ཇུས་རིག་གཞུང་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།