འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།ཞི་ཅིན་ཕིང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ལས་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་དང་མཇལ་འཛོམས་གནང་བ།
ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ལས་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་དང་མཇལ་འཛོམས་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ལས་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧོ་ལན་དབར་གྱི་འབྲེལ་བ་བརྟན་ལ་མྱུར་བའི་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ནས། ཧོ་ལན་འདི་ཉིད་མིང་དོན་མཚུངས་པའི་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི“སྒོ་མོ”ལྟ་བུར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་དང་། འབྲེལ་གཏུག་དང་སྐད་ཆ་ཤོད་རེས་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་ཧོ་རྒྱལ་ཁབ་གཉིས་པོའི་སྒོ་དབྱེ་དངོས་སྒྲུབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་པས། ཧོ་ལན་གྱི་ཁེ་ལས་ཀྲུང་གོར་མ་རྩ་འཇོག་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཞིང་ལས་དང་། ཆུ་བེད། ནུས་རྒྱུ་སོགས་སྲོལ་རྒྱུན་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཆབས་ཅིག མི་ཐབས་རིག་ནུས་དང་། ལྗང་མདོག་གཞན་སྒྱུར། རྒན་རྒོན་དཔལ་འབྱོར་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་ཡང་བྱེད་དགོས། ཕྱོགས་གཉིས་པོས་མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པའི་བྱེད་ཐབས་དེ་བས་མང་བ་མུ་མཐུད་སྤྱད་ནས་སློབ་གསོ་དང་། རིག་གནས། དམངས་ཁྲོད་སྤེལ་རེས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སོགས་ཕྱོགས་མང་སྒྲོག་གཞིའི་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་བཀག་འགོག་གི་རླུང་བུ་ལྡང་སྲིད་མོད། འོན་ཀྱང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པས། “འབྲེལ་ཐག་བཅད”ན་འགྲོ་ལམ་གཞན་མེད། སྒོ་དབྱེ་མཉམ་ལས་ནི་གདམ་ག་འབའ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱེད་ཕམ་ང་རྒྱལ་དང་། ནག་མིན་དཀར་ཡིན་གྱི་འགལ་ཟླའི་བསམ་གཞིག་སྔ་ས་ནས་དོར་ཟིན་པ་དང་། དངོས་འབྲེལ་བདེ་འཇགས་ཀྱི་འཛམ་གླིང་ནི་མཉམ་འདྲེས་ཟབ་མོ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་ཞིག་ཡིན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། མིས་ཚན་རྩལ་གྱི་མཁར་རྫོང་བཟོ་བ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འབྲེལ་ཐག་བཅད་ཚེ་ཁ་ཕྲལ་བཟོ་བ་དང་ཁ་གཏད་དུ་ལངས་རྒྱུ་ལས་འོས་མེད། ཀྲུང་གོ་མི་དམངས་ལའང་ཚུལ་མཐུན་འཕེལ་རྒྱས་གཏོང་དབང་ཡོད་པས། ཕྱོགས་གཏོགས་གང་ཞིག་གིས་ཀྱང་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་དང་ཡར་ཐོན་གྱི་གོམ་སྟབས་འགོག་མི་ཐུབ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གཉིས་ཁེའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་བཏང་ནས་ཕྱོགས་ཁག་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་མུ་མཐུད་བརྟན་པོ་ཡོང་བར་བྱས་ནས། ཡོ་རོབ་འདི་ཉིད་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་མོ་གལ་ཆེན་ཞིག་དང་མཉམ་ལས་རོགས་ཟླ་ཞིག་ཏུ་བརྩི་གི་ཡོད། ཧོ་ལན་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་དང་ཡོ་རོབ་དབར་ཕན་ཚུན་རྒྱུས་ལོན་དང་དགེ་མཚན་ལྡན་པའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་ཡོད།
    ལུའེ་ཐེས་གསུངས་དོན། 2013ལོར་དབུ་བཞུགས་བློན་ཆེན་ཡིན་པའི་ངོས་ནས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་པ་ཡིན། ལྷག་པར་དུ་2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧོ་ཀྲུང་སྒོ་དབྱེ་དངོས་སྒྲུབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས། ཚོང་དོན་དངུལ་འབོར་ལྡབ་གཅིག་འཕར་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་ཧ་ཅང་ཆེན་པོ་མངོན་ཡོད། “འབྲེལ་ཐག་གཅོད་པ”ནི་ཧོ་ལན་སྲིད་གཞུང་གི་སྲིད་ཇུས་ཀྱི་གདམ་ག་ཞིག་མིན། གང་ལགས་ཤེ་ན། ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་གང་ཞིག་ཡིན་རུང་དེས་རང་ཉིད་ལའང་གནོད་ཀྱི་ཡོད་པས་རེད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་གྱི་སྤྱི་དམངས་ཀྲུང་གོར་ཉིན་15ཡི་རིང་གི་ཐོངས་མཆན་མི་དགོས་པའི་ཐོབ་ཐང་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧོ་ལན་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་མཛའ་གྲོགས་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱས་ནས། ཀྲུང་གོ་ཕྱོགས་དང་རོགས་ཟླའི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ། དཔལ་འབྱོར་ཚོང་དོན་དང་ཐཱན་འབུད་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བཅས་བྱེད་འདོད་ཡོད།
    ཝང་དབྱི་མཇལ་འཛོམས་ལ་ཞུགས་པ་རེད།