འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་29ཉིན།

༄༅།།《རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་གི་དོ་དམ་ བྱ་ཐབས》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་29ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས། རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་བཅས་ཀྱིས་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ནས་བཟོས་པའི《རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་གི་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། དཔུང་ཁག་དོ་དམ་ཐད་རུ་མི་གྲངས་ཉུང་ཤོས་30ནས་60བར་མང་དུ་གཏོང་དགོས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་ལ་བཀའ་བཀོད་འབྱོར་རྗེས་ཆུ་ཚོད་2ནང་གྲ་སྒྲིག་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
    《དོ་དམ་བྱ་ཐབས》དེར་ཕྱོགས་བཞིའི་ཐད་ཀྱི་ཁྱད་ཆོས་ལྡན་ཡོད་པ་སྟེ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིམ་ཁག་འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་སྡེ་ཚན(ཀྲུང་ལུགས་གསོ་རིག་སྨན་རྫས་གཙོ་གཉེར་སྡེ་ཚན་དང་ནད་ཡམས་ཚོད་འཛིན་གཙོ་གཉེར་སྡེ་ཚན)ཚང་མས་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་དང་། དངོས་འཐབ་ཅན་གྱི་སྦྱོང་བརྡར་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་དཔུང་ཁག་གི་ནུས་པ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་གིས་སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་དང་སྔོན་འགོག་གི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དཔུང་ཁག་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་རེད།
    དོ་དམ་བྱ་ཐབས་ཀྱི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་དཔུང་ཁག་དེ་གཙོ་བོ་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་མི་སྣ་དང་། སྨན་བཅོས་འཕྲོད་བསྟེན་ཆེད་ལས་མི་སྣ། ལག་རྩལ་འགན་ལེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣ་བཅས་ལས་གྲུབ་ཡོད། འཕྲལ་སྡོམ་དོ་དམ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་མི་སྣའི་དཔུང་ཁག་རེར་རུ་མི་30ཡན་དགོས་པ་དང་། རུ་དཔོན་རྒན་པ་1དང་རུ་དཔོན་གཞོན་པ་2ནས་3བར། དཔུང་ཁག་རེར་རྗེས་གྲབས་མི་སྣ་30ཡན་བཀོད་སྒྲིག་བྱེད་དགོས།
    དཔུང་ཁག་གི་ནུས་པའི་ཐད་ནན་བཤད་བྱས་དོན། ཛ་དྲག་གི་གསོ་རིག་རོགས་སྐྱོབ་རིགས་ཀྱིས་ཉིན་ལྟར་རྨས་སྐྱོན་ཚོད་འཛིན་གྱི་གཤགས་བཅོས་20བྱེད་ཐུབ་པ་དང་། ཉིན་ལྟར་དོས་དྲག་དང་སྒོ་བསྟེན་སྨན་ཁང་གི་ནད་པ་200ལ་ནད་དཔྱད་ཐུབ་པ། ལྟ་ཉར་ནད་པའི་ཉལ་ཁྲི་20བཀོད་སྒྲིག་བྱེད་ཐུབ་པ་བཅས་བྱས་ཏེ་རྨས་སྐྱོན་ཐག་གཅོད་ཀྱི་ནུས་པ་གཙོ་གནད་ཐོག་ཆེ་རུ་གཏོང་དགོས། ད་དུང་ཉིན་14རིང་རང་ངོས་འགན་སྲུང་ཐུབ་པར་བྱེད་དགོས།