འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ལོ་65རིང་བོད་ཀྱི་ལྕགས་བཟོ་བའི་ལས་དབང་ལ་འགྱུར་ལྡོག་ཐེངས་གསུམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་28ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཞོགས་པ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བདེ་ཆེན་གྲོང་ཚོ་ནས་ལྕགས་རྡུང་བའི་སྒྲ་ལྷང་ལྷང་གྲགས་ཤིང་། བགྲེས་སོང་རྡོ་རྗེའི་སྦར་མཐིལ་རྨ་ཤུལ་ཁེངས་ཡོད་པ་དང་། ཁོང་ནི་ལྕགས་བཟོ་བའི་ཁྱིམ་རྒྱུད་དུ་སྐྱེས་པ་ཞིག་ཡིན་ཞིང་། ཁྱིམ་རྒྱུད་ཀྱི་ལྕགས་བཟོ་བ་མི་རབས་ལྔ་པ་དེ་རེད། ཁོང་གིས་རང་ཉིད་ཀྱིས་ཕ་ནོར་རྒྱུན་འཛིན་ཐུབ་པར་སྤོབས་སེམས་ཀྱིས་ཁེངས་ཀྱི་འདུག ལོ་65རིང་ལས་དབང་ལ་འགྱུར་ལྡོག་ཐེངས་གསུམ་བྱུང་སོང་ཞེས་བརྗོད།
     1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་འགྱུར་ལྡོག་དང་པོ་དེ་བྱུང་བ་རེད།
     བོད་རྙིང་པར་ལྕགས་ཆས་ནི་རྣམ་ཀུན་སྲོག་གཅོད་དང་དམག་འཁྲུག་ལ་སྤྱོད་ཀྱི་ཡོད་པས་དེ་དག་བཟོ་མཁན་གྱི་ལྕགས་བཟོ་བའི་གནས་བབ་ཡང་ཧ་ཅང་ཐ་ཤལ་ཞིག་ཏུ་བརྩི་ཡི་ཡོད། རྡོ་རྗེས་ཕའི་ལག་རྩལ་ཡག་པོ་ཡོད་མོད། འོན་ཀྱང་བོད་རྙིང་པར་ལག་རྩལ་ཡག་པོ་ཇི་ལྟར་ཡོད་ཀྱང་པ་ཕ་ནི་མིའི་མཐའ་མའི་ཐ་ལ་བརྩི་ཡི་ཡོད་ཅེས་བརྗོད།
     བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྡོ་རྗེས་པ་ཕའི་ས་ནས་ལྕགས་བཟོའི་ལག་རྩལ་སྦྱངས་ཏེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ལྕགས་བཟོ་བ་ཞིག་ཏུ་གྱུར།
     “ངས་ལྕགས་རྫས་སྣ་ཁ་100ལྷག་ཙམ་བཟོ་ཤེས་ཀྱི་ཡོད། དེའི་ནང་གཤོལ་དང་ཟོར་བ་སོགས་ཞིང་ལས་ཡོ་ཆས་ཚུད་ཡོད་ལ། ད་དུང་ཟྭ་དང་བོད་གྲི་སོགས་འཚོ་བའི་མཁོ་ཆས་དང་བཟོ་རྩལ་ཐོན་རྫས་ཀྱང་ཡོད་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་རྡོ་རྗེས་བརྗོད།
     རྡོ་རྗེ་གནས་སའི་བདེ་ཆེན་གྲོང་ཚོར་དུད་ཚང་160ལྷག་ཙམ་ཡོད་པ་དང་། ནས་དང་གྲོ་སོགས་ལོ་ཏོག་བཏབ་ནས་སོ་ནམ་པའི་འཚོ་བ་སྐྱེལ་གྱི་ཡོད། ཞིང་ལས་བྲེལ་བའི་དུས་དུད་ཚང་ཚང་མས་ཞིང་ལས་ཡོ་ཆས་བཟོ་གི་ཡོད་པས་རྡོ་རྗེ་ཕ་བུ་གཉིས་ཀྱང་ལྕགས་བཟོའི་ལས་ལ་བྲེལ། ཟླ་བ་གཅིག་ལྷག་ཙམ་རིང་རྡོ་རྗེ་ཕ་བུ་གཉིས་བསྟུད་མར་ཁྱིམ་ཚང་ཚང་མར་བསྐྱོད་ནས་ལྕགས་ཆས་རྡུང་དགོས་ཀྱི་ཡོད་པས་ཐ་ན་བར་གསེང་དུ་ངལ་གསོ་བའི་ཁོམ་པ་ཡང་མེད། “པ་ཕ་ལས་ཀར་གཞོལ་དུས་དཀའ་ལས་ཁག་པོ་ཡོད་ཀྱང་སེམས་པ་སྐྱིད་པོ་ཡོད་པ་ངས་ཤེས་ཀྱི་འདུག རང་ཉིད་ཀྱིས་པ་ཕའི་ས་ནས་ལྕགས་བཟོའི་རྩལ་ནུས་འདི་རྒྱུན་འཛིན་ཐུབ་པ་ནི་ཧ་ཅང་གཟི་བརྗིད་ཆེ་བ་ཞིག་རེད”ཅེས་རྡོ་རྗེས་བརྗོད།
     ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ལྕགས་གཤོལ་གྱིས་རིམ་བཞིན་སྲོལ་རྒྱུན་གྱི་ཤིང་གཤོལ་གྱི་ཚབ་བྱས་ཤིང་། དུས་རབས་20པའི་ལོ་རབས་70པར་འདྲུད་འཐེན་འཁོར་ལོ་བོད་ཀྱི་གྲོང་གསེབ་དུ་ཁྱབ་འགོ་ཚུགས་པ་དང་། བོད་ཀྱི་མང་ཚོགས་ཚོས་མནའ་མ་བསུ་བ་ལྟར་མཛད་སྒོ་གཟབ་རྒྱས་འཚོགས་ནས་འདྲུད་འཐེན་འཁོར་ལོ་བསུས་ཡོད། བདེ་ཆེན་གྲོང་ཚོ་ཡང་དེ་ལས་མ་འདས་པར་འདྲུད་འཐེན་འཁོར་ལོ་མང་དུ་ཕྱིན་ནས་ཤིང་གཤོལ་ཉུང་དུ་ཕྱིན་ཡོད། རྨོ་འདེབས་འཕྲུལ་འཁོར་དང་། སྐོར་རྨོ་འཕྲུལ་འཁོར། བརྔ་བསྡུ་འཕྲུལ་འཁོར་སོགས་ཞིང་ལས་ཡོ་ཆས་བདེ་ཆེན་གྲོང་ཚོའི་ཞིང་ཁྱིམ་དུ་དར།
     འདི་ནི་འགྱུར་ལྡོག་ཐེངས་གཉིས་པ་སྟེ། རྡོ་རྗེས་གོ་སྐབས་གསར་པ་དམ་འཛིན་ཡག་པོ་བྱས་ཏེ་བེད་མེད་དུ་བསྐྱུར་བའི་འདྲུད་འཐེན་འཁོར་ལོའི་མགོ་ཞིག་ཉོས་ནས་ཉམས་བཟོ་བྱེད་སྟངས་སྦྱངས།
     ལྷུ་ལག་བཤིག་པ་དང་སྒྲིག་སྦྱོར་བྱེད་པ་ནས་འགོ་བཙུགས་ཏེ་འཚོལ་ཞིབ་བྱས་པ་བརྒྱུད་རྡོ་རྗེ་གྲོང་ཚོའི་ནང་གི་འདྲུད་འཐེན་འཁོར་ལོ་ཉམས་བཟོ་བྱེད་མཁན་མང་པོ་མེད་པའི་ཁྲོད་ཀྱི་གྲས་ཤིག་ཏུ་གྱུར། གྲོང་མི་ཚོའི་འདྲུད་འཐེན་འཁོར་ལོར་སྐྱོན་ཤོར་ཐེངས་རེར་ཁོ་ཚོས་རྡོ་རྗེས་འཚོལ་གྱི་ཡོད། ཁོང་གིས་རང་གི་ལག་གཉིས་དང་བློ་རིག་ལ་བརྟེན་ནས་ཡུལ་མི་ཚོའི་དཀའ་ངལ་དང་སེམས་ཁྲལ་གང་ཐུབ་སེལ་གྱི་ཡོད།
     བདེ་ཆེན་གྱི་ལྕགས་ཆས་བཟོ་རྩལ་དེ་ལོ་ངོ་200ལྷག་ཙམ་རིང་རྒྱུན་འཛིན་བྱས་ཤིང་། 2018ལོར་ལག་རྩལ་དེ་བོད་ཀྱི་ཁག་ལྔ་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་རེད།
     འདི་ནི་འགྱུར་ལྡོག་ཐེངས་གསུམ་པ་སྟེ། རྡོ་རྗེར་ཐོབ་ཐང་གསར་པ་ཞིག་བྱུང་བ་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཏུ་གྱུར་པ་དེ་རེད། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པར་དེ་བས་མཐོང་ཆེན་དང་གྲོང་གསེབ་ཡུལ་སྐོར་དར་རྒྱས་ཕྱིན་པ་དང་བསྟུན་ནས་ལྕགས་བཟོའི་ལག་རྩལ་སྔར་བས་དར་ཁྱབ་ཕྱིན་ཡོད།
     འཕྱོངས་རྒྱས་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག 2022ལོར་རྡོ་རྗེས་འཕྱོངས་རྒྱས་རྫོང་བདེ་ཆེན་གྲོང་ཚོར་རྡོ་རྗེ་ལྕགས་ཆས་ལག་རྩལ་མཉམ་ལས་ཁང་བཙུགས་པ་རེད། ད་ཆ་རྡོ་རྗེའི་སྒོ་རའི་ནང་ལྕགས་རིགས་ཀྱི་ཕྱེད་བཟོས་ཐོན་རྫས་སྣ་ཚོགས་ཀྱིས་ཁེངས་ཡོད་པ་དང་། ཁང་པའི་ནང་བོད་གྲི་དང་། ཟྭ། ཆང་སྣོད། ཆུ་ཟོམ་སོགས་བསྒྲིགས་ཡོད།
     རྡོ་རྗེའི་མཉམ་ལས་ཁང་ལ་ལས་བཟོ་བ་ཁ་ཤས་ཡོད་ཅིང་། བཟོས་ཟིན་པའི་ཐོན་རྫས་ལྷོ་ཁ་དང་ལྷ་ས་སོགས་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པས་སྐུ་མགྲོན་ཚོའི་དགའ་བསུ་ཐོབ་པ་དང་། ལོའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་15ཙམ་ཟིན་གྱི་ཡོད། “ལག་རྩལ་འདི་ནི་མེས་པོའི་སྐབས་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་པས་ངས་རྒྱུན་འཛིན་ཡག་པོ་བྱེད་ངེས་ཡིན་ལ། ལྕགས་བཟོའི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་རེ་བ་ཡོད”ཅེས་རྡོ་རྗེས་བརྗོད།
     རྡོ་རྗེའི་བུ་ཚེ་རིང་རྡོ་རྗེས་ཆུང་དུས་ནས་ཕའི་ས་ནས་ལྕགས་བཟོའི་ལག་རྩལ་སྦྱངས་པ་དང་། ཁོང་དང་ཕ་ཡིས་ལྕགས་ཆས་ཀྱི་ཡུལ་སྐོར་དྲན་རྟེན་དངོས་རྫས་བཟོ་ཡི་ཡོད། ཁོང་གིས“ལྕགས་ཆས་ངའི་ལག་ཏུ་སླེབས་ཚེ་བཟོ་ལྟ་སྣ་ཚོགས་བཟོས་ནས་མི་རྣམས་དགའ་པོ་ཡོང་བར་བྱེད་ཀྱི་ཡོད”ཅེས་བརྗོད།
     ཚེ་རིང་རྡོ་རྗེས་རྒྱུན་དུ་ལྕགས་བཟོའི་ལག་རྩལ་ཧྲིལ་པོར་ཞིབ་པར་བལྟས་ནས་མེས་པོའི་བློ་རིག་ལ་བསྔགས་བརྗོད་ཡང་ཡང་བྱས་ཏེ། རང་ཉིད་ཀྱིས་ལག་རྩལ་དེ་རྒྱུན་འཛིན་ཡག་པོ་བྱ་རྒྱུའི་སེམས་ཐག་བཅད།
     (བསོད་བདེ་གཞོན་པ་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)
     (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་25ཉིན་འབྱོར་བའི་གློག་འཕྲིན)