འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ཞི་ཅིན་ཕིང་གིས་ནོ་རུའི་ཙུང་ཐུང་ཨ་ཏི་ཨང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་27ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ནོ་རུའི་ཙུང་ཐུང་ཨ་ཏི་ཨང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་ཏི་ཨང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ནོ་རུའི་ཙུང་ཐུང་ཨ་ཏི་ཨང་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་ཏི་ཨང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ནོ་རུའི་ཙུང་ཐུང་ཨ་ཏི་ཨང་དང་གྲོས་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། འདི་ལོའི་ཟླ་དང་པོར། ནོ་རུས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་ནས་ཀྲུང་གོ་དང་འབྲེལ་བ་སླར་གསོ་བྱ་རྒྱུའི་ཆབ་སྲིད་ཀྱི་ཇུས་ཐག་བཅད་པ་དེ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་ལ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པའི་བྱ་སྤྱོད་ཅིག་ཀྱང་རེད། མཛའ་གྲོགས་ལ་སྔ་རྗེས་མེད། སྒོ་མོ་ཕྱེ་ན་འོད་ཟེར་ལྡན་པའི་མདུན་ལམ་ཡོང་ངེས་རེད། མཉམ་ལས་ལ་ཆེ་ཆུང་མེད། ལྷག་བསམ་ཟོལ་མེད་བྱས་ན་གཡུར་ཟའི་འབྲས་བུ་ཐོབ་ངེས་རེད། ཀྲུང་ནོ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་ཕྱོགས་དང་མཉམ་དུ་ཀྲུང་ནོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེན་པོ་སྐྲུན་འདོད་ཀྱང་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་ལ་ལྟ་སྟངས་འདྲ་མཉམ་འཛིན་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་དབྱེ་བ་མི་འབྱེད་པར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་མི་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་གི་ཀྲུང་གོའི་སྤ་སེ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནམ་ཡང་དབང་ཡོད། ཀྲུང་ནོའི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་འབྲེལ་བ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནོ་རུས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཆབས་ཅིག ནོ་རུས་རང་བཙན་རང་ཚུགས་ཀྱི་སྒོ་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ནོ་རུ་ཕྱོགས་དང་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་འདོད་ཡོད་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་འདོད་ཀྱང་ཡོད།
    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་དེ་ཉིད་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་རྒྱལ་ཁབ་གཞན་ཞིག་ཏུ་གྱུར་པར་དགའ་བསུ་ཞུ་རྒྱུ་ཡིན། ནོ་རུ་ཕྱོགས་དང་ཚོང་དོན་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་དང་འབྲེལ། ནོ་རུ་རང་ཚུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཆེད་ཆབ་སྲིད་ཆ་རྐྱེན་གྱི་ཟུར་སྣོན་མེད་པའི་རོགས་སྐྱོར་བྱེད་འདོད་ཀྱང་ཡོད། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། གཞོན་ནུ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ནོ་རུའི་གཞོན་ནུ་དེ་བས་མང་པོ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ནོ་རུར་རོགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནོ་རུ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།
    ཨ་ཏི་ཨང་གིས་གསུངས་དོན། གདན་ཞུས་ལྟར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་ནས་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་དང་། འོད་སྟོང་འཕྲོ་བའི་རིག་གནས། གསོན་ཤུགས་ཀྱིས་ཁེངས་པའི་འཕེལ་རྒྱས་བཅས་ཉམས་སུ་མྱོང་རྒྱུ་བྱུང་བ་དེ་ངའི་གཟི་བསོད་ཅིག་ཡིན། ཡུན་རིང་མ་སོང་གོང་། ནོ་རུས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་དང་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག ཀྲུང་གོ་དང་ཕྱི་འབྲེལ་སླར་གསོ་བྱ་རྒྱུའི་གཏན་འཁེལ་བྱས་པ་དེ་ནི་ནོ་ཀྲུང་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ནོ་རུའི་རྒྱལ་ཁབ་འཕེལ་རྒྱས་དང་ནོ་ཀྲུང་རྒྱལ་ཁབ་ཀྱི་འབྲེལ་བའི་ལེའུ་གསར་པ་ཞིག་ཕྱེ་ཡོད། ནོ་རུས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མར་ལྟ་སྟངས་གཅིག་མཚུངས་འཛིན་པར་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ། ནོ་ཀྲུང་འབྲེལ་བ་སླར་གསོ་བྱ་རྒྱུ་གོ་སྐབས་གལ་ཆེན་དུ་བརྩིས་ནས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། མི་སྣ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གྲུབ་འབྲས་ཐོབ་པ་དང་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བ་བཅས་ཀྱང་བྱེད་འདོད་ཡོད། དེང་གི་འཛམ་གླིང་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མང་པོ་འཕྲད་བཞིན་ཡོད། མཐུན་སྒྲིལ་དང་མཉམ་ལས་བྱས་ཚེ་གཞི་ནས་མིའི་རིགས་ཐུན་མོང་ཐོག་ཡར་རྒྱས་དང་དར་རྒྱས་ཡོང་ཐུབ།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ནོ་རུ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཧུར་ཐག་ཞུགས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། 
    གྲོས་མོལ་ཚར་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ། དཔལ་འབྱོར་འཕེལ་རྒྱས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
    ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནོ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
     གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨ་ཏི་ཨང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་དང་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ།
    རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་སུ་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ནོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཨ་ཏི་ཨང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་དཔུང་ཁག་ལ་གཟིགས་པ་རེད།
    ཉིན་དེའི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨ་ཏི་ཨང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།