འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་28ཉིན།

༄༅།།ཞི་ཅིན་ཕིང་གིས་ཏོ་སྨི་ནི་ཁན་གྱི་ཙུང་ལི་སི་ཁའེ་ལི་ཐེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་27ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཏོ་སྨི་ནི་ཁན་གྱི་ཙུང་ལི་སི་ཁའེ་ལི་ཐེ་དང་མཇལ་འཛོམས་གནང་བ།
ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཏོ་སྨི་ནི་ཁན་གྱི་ཙུང་ལི་སི་ཁའེ་ལི་ཐེ་དང་མཇལ་འཛོམས་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཏོ་སྨི་ནི་ཁན་གྱི་ཙུང་ལི་སི་ཁའེ་ལི་ཐེ་དང་མཇལ་འཛོམས་གནང་བ་རེད། 
    ཞི་ཅིན་ཕིང་གིས་གསུངས་དོན། ཏོ་སྨི་ནི་ཁན་ནི་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་རེད་ལ། ས་ཁུལ་དེར་བློས་འགེལ་ཆོག་པའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཀྱང་རེད། ཕྱི་འབྲེལ་བཙུགས་པའི་ལོ་20ཡི་རིང་། ཀྲུང་ཏོ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་མཛའ་གཅུགས་ཉིན་བཞིན་ཟབ་ཏུ་ཕྱིན་ནས་ཀྲུང་ཏོའི་འབྲེལ་བ་དེ་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱ་རྒྱུ་ཡིན། ཏོ་སྨི་ནི་ཁན་ཕྱོགས་དང་མཉམ་དུ་འདས་ཟིན་པའི་ལོ་20ཡི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མཛའ་གྲོགས་འབྲེལ་བ་དེ་མཉམ་ལས་གཉིས་ཕན་གྱི་སྒུལ་ཤུགས་སུ་སྒྱུར་བ་བཅས་བྱས་ནས་ཀྲུང་ཏོའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཏོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བདེ་བླག་བྱུང་བའི་འགག་རྩ་ནི་རྒྱལ་ཁབ་གཉིས་པོར་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་བྱེད་རེས་ཡོད་པར་ཐུག་ཡོད་ལ། དེ་ནི་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་པ་དང་ཡང་འབྲེལ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁན་གྱི་མི་དམངས་རྣམས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཏོ་སྨི་ནི་ཁན་ཕྱོགས་དང་མཛའ་གྲོགས་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཏོ་སྨི་ནི་ཁན་ཕྱོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མྱུར་ལམ་དུ་ཞུགས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁན་ཕྱོགས་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད་ལ། ཏོ་སྨི་ནི་ཁན་གྱི་གཞོན་ནུ་སློབ་མ་དེ་བས་མང་བ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཡང་ཞུས་ཏེ། ཏོ་སྨི་ནི་ཁན་ཕྱོགས་ལ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་གསོ་སྦྱོང་སོགས་ཀྱི་གོ་སྐབས་མུ་མཐུད་གཏོད་རྒྱུ་ཡིན། ཕྱོགས་གཉིས་པོས་ཏོ་སྨི་ནི་ཁན་རྒྱལ་བཙུགས་སློབ་ཆེན་ཁུང་ཙེ་སློབ་ཁང་ཐུན་མོང་ཐོག་ཡག་པོ་བསྐྲུན་ནས་ལས་རིགས་ལག་རྩལ་གསོ་སྦྱོང་དང་མཉམ་ལས་ཐད་གྲོས་བསྡུར་གཏིང་ཟབ་བྱེད་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཆེ་ཆུང་དང་དྲག་ཞན་གྱི་དབྱེ་བ་མི་འབྱེད་པར་ཚང་མ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་དང་བདེ་སྡུག་ལ་མཐོང་ཆེན་བྱས་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ནུས་པ་ཧུར་ཐག་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཏོ་སྨི་ནི་ཁན་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ལྷོ་ལྷོ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཅ་ལེ་པིའི་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་རིང་ཀྲུང་ཅའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་བྱ་རྒྱུ་དང་། ཅ་ལེ་པི་ས་ཁུལ་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་རེ་བྱེད་པ་དང་དམངས་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད།
    སི་ཁའེ་ལི་ཐེ་ཡིས་གསུངས་དོན། ལོ་20ཡི་གོང་ངས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ཡང་དག་པའི་ཇུས་ཐག་བཅད་པ་ཡིན། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་སླར་ཡང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཏོ་ཀྲུང་དབར་གྱི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་ལ་བརྟེན་དགོས། ལོ་20ཡི་རིང་། ཏོ་ཀྲུང་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོབ་ཡོད། རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོར་དབུལ་སྐྱོར་དང་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་མ་ཟད། ཏོ་སྨི་ནི་ཁན་སོགས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏོ་སྨི་ནི་ཁན་གྱི་མི་དམངས་ལ་རང་བྱུང་གི་གནོད་འཚེ་ཕོག་པ་དང་ཏོག་གསར་རིམས་ནད་ཐོན་པའི་སྐབས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏོ་སྨི་ནི་ཁན་གྱི་མི་དམངས་དང་མཉམ་དུ་ལངས་ཏེ་དུས་ཐོག་ཏུ་རྩ་ཆེའི་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཀྲུང་གོས་རྒྱབ་སྐྱོར་དང་མཉམ་ལས་བྱས་པ་ཏོ་སྨི་ནི་ཁན་གྱི་ས་ཆ་གང་སར་མཐོང་རྒྱུ་ཡོད་ལ། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རང་བཙན་དང་འཕེལ་རྒྱས་སྲུང་སྐྱོང་ལ་རམ་འདེགས་ཤུགས་ཆེན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་ཏོ་སྨི་ནི་ཁན་ཕྱོགས་ཀྱིས་བསྔགས་བརྗོད་དང་ཡི་རངས་བྱེད་ཀྱི་ཡོད། དེ་ནི་དེང་སྐབས་འཛམ་གླིང་གི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྟན་སྲུང་དང་། ཀྲུང་གོ་རྦད་དེ་གཅིག་གྱུར་ཡོང་བའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླ་བཅས་བྱས་ནས་ཏོ་ཀྲུང་དབར་གྱི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཅ་ལེ་པིའི་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད། ཏོ་སྨི་ནི་ཁན་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ནས་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པ་དོན་འཁྱོལ་ཧུར་ཐག་བྱེད་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་མཉམ་དུ་ཐོག་སྲུང་སྐྱོང་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།