འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།སི་ཁྲོན་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་གྱི་རྒྱུ་རྐྱེན་རྩད་རགས་ཙམ་ཆོད་པ།

 ——ཨར་ལས་ཀྱི་མེ་སྤྱོད་ལས་མེ་སྐྱོན་བྱུང་བ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འཕྲལ་སྡོམ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད་ཟླ་3ཚེས་15ཉིན་ཐོན་པའི་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་ནི་ཨར་ལས་ཀྱི་མེ་སྤྱོད་ལས་བྱུང་བ་ཞིག་ཡིན་པ་དང་། གློ་བུར་དུ་ལྷགས་པ་ཆེན་པོ་བརྒྱབ་ནས་མེ་མཆེད་ཅིང་། འབྲེལ་ཡོད་ཀྱི་གནས་ཚུལ་བརྟག་དཔྱད་བྱེད་སྒང་ཡིན་པ་རེད།
     གཞན་ཡང་། གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མྱུར་སྐྱོབ་མི་སྣས་ནུས་ཤུགས་ཡོད་རྒུས་མེ་གསོད་མི་སྐྱོབ་བྱས་པ་བརྒྱུད་ཟླ་3ཚེས་22ཉིན་གྱི་ཆུ་ཚོད་6པའི་བར་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་གྱི་མེ་ཤོར་ས་ཨང་3པའི་མེ་བསད་ཟིན་པ་དང་མེས་ཚིག་ཤུལ་ན་དུ་བ་ཕྲ་མོ་ཙམ་ལས་མེད། མེ་སྐྱོན་གྱི་མེ་ཤོར་ས་ཨང་2པའི་ལྷོ་ལམ་ནུབ་དུམ་གྱི་སྤྱི་ལེ་5ལྷག་ཙམ་གྱི་ཁྱབ་ཁོངས་སུ་མེ་ཕྲན་བུ་ཙམ་དང་མེ་ཆེ་ཙམ་གཉིས་ཡོད་ཅིང་། ནུབ་བྱང་རྒྱུད་ཀྱི་སྤྱི་ལེ་4ལྷག་ཙམ་གྱི་ཁྱབ་ཁོངས་སུ་མེ་ཕྲན་བུ་ཙམ་དང་མེ་ཁག་གཅིག་ཡོད་ལ་ཤར་བྱང་རྒྱུད་ན་དུ་བ་ཐོན་ས་2ཡོད་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། ཚེས་22ཉིན་ཉག་ཆུ་རྫོང་གི་མེ་ཤོར་སར་མི་3187མེ་གསོད་པར་བསྐྱོད་པ་དང་། དཔུང་ཁག་ཁག་ཆུ་ཚོད་5པ་ཙམ་ལ་མེའི་འགྲམ་དུ་གཅིག་རྗེས་གཉིས་མཐུད་ངང་སླེབས་ནས་མེ་གསོད་འགོ་བརྩམས་པ་རེད།