འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་26ཉིན།

༄༅།།གདང་ལའི་རྩེ་མོ་ནས་ལེ་ཧྥུང་གི་སྙིང་སྟོབས་རབ་ཏུ་མངོན།

—— རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཁག་དགུ་པའི་དཔེ་སྟོན་ས་ཚིགས“གནམ་འོག་ཏའོ་པན་དང་པོའི”སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་26ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལའི་རྩེ་མོ་ནི་མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་ཡིན། དེ་གར་གངས་འཁྱགས་ཀྱིས་བསྡམས་པས་འཚོ་གནས་ལ་དཀའ་ཚེགས་ཆེ་བ་ནི་གནས་དེས་མི་རྣམས་ལ་བཞག་པའི་བག་ཆགས་ཟབ་ཤོས་རེད།
     འོན་ཀྱང་དེ་གར་ལོ་འཁོར་མོ་ཡུག་གཞུང་ལམ་བདག་སྐྱོང་བྱེད་མཁན་གྱི་མི་ཚོགས་ཤིག་ཡོད། ཁོང་ཚོ་འདི་གར་འཚོ་གནས་བྱེད་ཅིང་། ཁོང་ཚོ་ནི“གནམ་འོག་ཏའོ་པན་དང་པོར”གྲགས་པའི་ཏའོ་པན་109པའི་ལམ་སྐྱོང་བཟོ་པ་རེད། མཚོ་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་70སོང་རིང་ཏའོ་པན་བཟོ་པ་མི་རབས་ནས་མི་རབས་བར་གྱིས་སྤྲིན་གསེབ་ཁྲོད་ཀྱི་གཞུང་ལམ་ས་ཚིགས་སུ་བཅའ་སྡོད་བྱས་ཏེ། ཚེ་སྲོག་ལ་བརྟེན་ནས་མཁའ་ལམ་སྲུང་བ་དང་མི་བཟང་ལས་བཟང་བསྒྲུབས་ནས་མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་སུ་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་བའི་མི་ཚེའི་ལེའུ་ཞིག་རྩོམ་བཞིན་ཡོད། 2024ལོར་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་མཚོ་བོད་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཨ་མདོའི་ཏའོ་པན་109པར“རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཁག་དགུ་པའི་དཔེ་སྟོན་ས་ཚིགས”ཀྱི་མིང་བཏགས་པ་རེད།
     ཨ་མདོ་རྫོང་ནས་གདང་ལ་བརྒྱབ་སྟེ་ལ་རྩེར་མ་བསྐྱོད་གོང་མིག་མདུན་དུ་ཁང་པ་སེར་པོ་སྟར་པ་གཅིག་གསལ་པོར་མཐོང་ཐུབ། དེ་བས་བཀྲག་མདངས་འཚེར་བ་ཞིག་ནི་གནམ་གཤིས་ཇི་ལྟར་གྲང་དུ་སོང་བའམ་ཡང་ན་ཁ་བ་བུ་ཡུག་ཇི་ལྟར་འཚུབ་ནའང་ཏའོ་པན་བཟོ་པ་ཚོས་མཁའ་ལམ་གྱི་རྩེ་མོར་ལས་རེས་བྱེད་པ་དེ་རེད། ཁོང་ཚོ་ནི་རྒྱ་ལམ་འགྲུལ་པའི“ལམ་རྟགས”དང་བློ་གཏད་བཅོལ་ས་ཡིན།
     རྒྱལ་ལམ་109ཡི་ཏའོ་པན་109པའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5100ཟིན་གྱི་ཡོད། དེ་གར་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་8ཟིན་པ་དང་། དྲོད་ཚད་དམའ་ཤོས་སྐབས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཟིན་པ། མཁའ་རླུང་ནང་གསོ་རླུང་འདུས་ཚད་ཧ་ཅང་ཉུང་ཉུང་ཡིན་ཞིང་། དེ་ནི་རྒྱ་མཚོའི་ངོས་ཀྱི་ཕྱེད་ཀ་ཙམ་ལས་ཟིན་གྱི་མེད། ལོ་གཅིག་ནང་ཉིན་120ཡན་ལྷགས་པ་ཆེན་པོ་རིམ་པ་བརྒྱད་ཙམ་རྒྱག་གི་ཡོད། དེས་མ་ཚད་གནམ་གཤིས་འགྱུར་ལྡོག་ཧ་ཅང་ཆེ་བ་དང་གཞུང་ལམ་དུ་གངས་བབས་ནས་རླངས་འཁོར་རྟག་ཏུ་འགག་གི་ཡོད། གནམ་གཤིས་ངན་པ་དེ་འདྲའི་འོག་ཏའོ་པན་བཟོ་པ་ཚོས་ཉིན་ལྟར་བདག་སྐྱོང་གི་ལམ་དུམ་དང་ཟམ་པ་སོགས་ལ་སྐོར་གཡེང་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་སའི་ལམ་ཟམ་དུས་ཐོག་ཏུ་ཉམས་བཟོ་བྱས་ཏེ་འགྲོ་ལམ་བདེ་འཇགས་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།
     ཁོང་ཚོས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས། ལེ་ཧྥུང་གི་སྙིང་སྟོབས་ཀྱི་མཛུབ་ཁྲིད་འོག་རླངས་འཁོར་ལ་སྐྱོན་ཤོར་བ་དང་། གངས་བབས་ནས་རླངས་འཁོར་འགག་པ། ཁ་ལོ་བ་དང་འགྲུལ་པར་ལ་དུག་ཚབས་ཆེན་ཕོག་པ་སོགས་ཀྱི་དཀའ་ངལ་འཕྲད་སྐབས་མདུན་དུ་ཤོར་རྐྱང་བྱས་ནས་ཁ་ལོ་བ་དང་འགྲུལ་པར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད།
     2014ལོའི་ཟླ་བདུན་པར། གདང་ལའི་རྩེ་མོར་གངས་ཆེན་པོ་བབས་ནས་ཏའོ་པན་བཟོ་པས་ཉིན་མཚན་དབྱེར་མེད་དུ་དཀའ་སྤྱད་འབད་འཐབ་བྱས། ལྷ་སར་སྐྱོད་མཁན་འཇིབ་ཆུང་ཞིག་གདང་ལའི་མཛེས་ལྗོངས་ལ་ལྟ་ཆེད་སྟབས་མ་ལེགས་པར་འདམ་རྫབ་ནང་དིམ་པ་དང་། སྐོར་གཡེང་ལམ་སྐྱོང་བཟོ་པས་གནས་ཚུལ་དེ་ཤེས་འཕྲལ་རོགས་སྐྱོབ་ལས་དོན་ཆུ་ཚོད་4ཙམ་སྤེལ་བ་བརྒྱུད་མཐར་རླངས་འཁོར་འདམ་རྫབ་ཁྲོད་ནས་བཏོན་པ་རེད།
     2017ལོའི་ཟླ་3པར་ཨ་མདོ་རྫོང་དུ་རྒྱུན་མཐུད་གངས་བབས་པས་གཞུང་ལམ་དུ་གངས་འཁྱགས་ཚབས་ཆེན་ཐེབས་ནས། གདང་ལའི་སྤྱི་ལེ་12ཀྱི་ལམ་དུམ་དུ་གངས་གསོག་ཐེབས་ནས་རླངས་འཁོར་འགྲོ་སྐྱོད་བྱེད་ཐབས་བྲལ། ཏའོ་པན་109པའི་ལས་བཟོ་ཚོས་འཕྲལ་མར་མི་སྣ་སྒྲིག་འཛུགས་བྱས་ནས་གངས་གསོག་ཐེབས་པའི་ལམ་དུ་བསྐྱོད་དེ་ཉེན་སེལ་ཤར་བགྲོད་བྱས་པ་དང་འབྲེལ་རྒྱ་ལམ་འགྲུལ་པར་སྟབས་བདེའི་བཟའ་བཅའ་དང་། ཆུ་འཁོལ། ལ་དུག་གི་སྨན། གསོ་རླུང་། ཁྲའེ་ཡིའུ་སྣུམ་ཨང་—20སོགས་དགོས་ངེས་ཀྱི་དངོས་ཟོག་བསྐྱལ་བ་རེད། ཏའོ་པན་བཟོ་པ་ཚོས་ཁ་བ་བུ་ཡུག་འཚུབ་པའི་གནམ་གཤིས་འོག་ཉིན་མཚན་གསུམ་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་མཐར་གངས་གསོག་ཐེབས་པའི་ལམ་བུ་ཤར་གཏོང་བ་དང་རླངས་འཁོར་རྒྱུན་གཏན་ལྟར་ཤར་བགྲོད་ཐུབ་པ་རེད།
     2020ལོའི་ཟླ་2པར་གདང་ལར་བསྟུད་མར་གངས་བབས་ནས་ལམ་བུར་འཁྱགས་པ་ཐེབས་པ་དང་། རིམས་ནད་སྔོན་འགོག་གི་དངོས་ཟོག་དབོར་འདྲེན་བྱེད་མཁན་འཁོར་རིགས་བདེ་འཇགས་ངང་ལྷ་སར་འབྱོར་རྒྱུ་འགན་ལེན་བྱ་ཆེད། ཏའོ་པན་བཟོ་པ་ཚོས་ཉིན་མཚན་ཀུན་ཏུ་དཀའ་སྤྱད་འབད་འཐབ་བྱས་ཏེ་སྤྱི་ལེ་59ཡི་གཞུང་ལམ་ཤར་བགྲོད་ཐུབ་པར་བྱས་ཡོད།
     ཏའོ་པན་109ཡི་རོགས་སྐྱོབ་ས་ཚིགས་སུ་སྐྱོད་སྐབས་གྱང་སྟེང་དུ་དྲན་འཆར་མང་པོ་བཀོད་འདུག “རོགས་སྐྱོབ་ས་ཚིགས་སུ་ལྷད་མེད་བརྩེ་བ་མངོན། བོད་རྒྱ་སྤུན་ཟླ་ཁྱིམ་ཚང་གཅིག་བརྩེ་བ”དང་། “ཁྱེད་ཀྱིས་ང་ལ་རོགས་རམ་གནང་བ་ག་ལ་བརྗེད་སྲིད། ཤ་རུས་གཅིག་པའི་སྤུན་མཆེད་མིན་ཡང་གཉེན་ཉེ་ལས་ཀྱང་ལྷག”སོགས་ཀྱི་ཐུགས་རྗེའི་བསམ་པ་མཚོན་པའི་ཡི་གེ་3626བྲིས་པའི་ཟིན་བྲིས་དེབ་4དང་ཐུགས་རྗེ་ལེགས་འབུལ་གྱི་སེམས་པ་མཚོན་པའི་གོས་དར་212མཐོང་བྱུང་། དེ་དག་ལས་རྒྱ་ལམ་འགྲུལ་པས་ཏའོ་པན་བཟོ་པ་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་མཚོན་ཐུབ།
     འདི་ལོ་ལོ་24ལ་སླེབས་པའི་པད་མ་བསྟན་འཛིན་ནི་ཏའོ་པན་བཟོ་པ་མི་རབས་གསུམ་པ་ཡིན་པ་དང་། སྤོ་བོ་ཕུར་བུ་ཚེ་རིང་1962ལོར་ལས་ཀར་ཞུགས་ནས་ཏའོ་པན་109པའི་མི་རབས་དང་པོའི་ཏའོ་པན་བཟོ་པར་གྱུར་པ་དང་། པཱ་ལགས་མཐར་ཚེ་ཡང་ཁོང་གི་ལོ་ཚད་ལ་འདི་གར་ལས་ཀར་ཡོང་བ་རེད།
     མི་རབས་གསུམ་གྱིས་རིན་བྲལ་ལང་ཚོ་ལམ་སྐྱོང་བྱ་གཞག་ལ་ཕུལ་ཞིང་། ལམ་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན། མང་ཚོགས་ཁྲི་སྟོང་གི་འགྲོ་སྐྱོད་ལམ་བུ་འགན་ལེན་ཡག་པོ་བྱེད་པ་ནི་ང་ཚོའི་ལྡོག་མེད་ཀྱི་ལས་འགན་ཡིན། པད་མ་བསྟན་འཛིན་གྱི་སྤོ་བོ་ལགས་དང་པཱ་ལགས་དེ་སྔ་འཚོ་བ་སྐྱེལ་ས་དང་ལས་ཀ་བྱེད་སའི་ས་ཆ་དེར་ཡོང་བ་དང་། ཁོང་གིས་རྒན་རབས་ཚོའི་ས་ནས་སྤོ་བོ་ལགས་དང་པཱ་ལགས་ཀྱི་གཏམ་རྒྱུད་ཐོས། ཁོང་གིས་སྤོ་བོ་ལགས་དང་པཱ་ལགས་ཀྱིས་དེ་སྔ་བརྟན་སྲུང་གནང་མྱོང་བའི་གདང་ལའི་ལ་རྩེར་སྐྱོད་སྐབས་ཕ་མེས་ཚོས་ས་ཆ་དེ་དང་གཞུང་ལམ་དེར་དགའ་ཞེན་གནང་བ་ཚོར་བ་མ་ཟད། རང་ཉིད་ཀྱི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲིའང་ཚོར་ཡོད། པད་མ་བསྟན་འཛིན་གྱིས“ལམ་སྐྱོང་ནི་བླ་ན་མེད་པའི་བྱ་བ་ཞིག་རེད། གཞན་ལ་རོགས་རམ་ཐུབ་ཚེ་རང་ཉིད་སྐྱིད་པོ་འདུག”ཅེས་བཤད།
     གཡང་གཟར་གྱི་ལམ་བུ་གང་འདྲ་ཞིག་ཡིན་རུང་མི་རྣམས་ཀྱིས་འགྲོ་སྐྱོད་བདེ་བར་འབད་ཚེ་འགྲོ་ལམ་བདེ་པོ་ཞིག་ཏུ་འགྱུར་ཐུབ་ངེས་རེད། རྒན་རབས་ཚོའི་རྒྱུན་འཛིན་བྱས་ནས་ལམ་སྐྱོང་ལེ་ཧྥུང་ཞིག་བྱེད་པ་དང་ཏའོ་པན་བཟོ་པ་མི་རབས་ནས་མི་རབས་བར་གྱིས་རང་ཉིད་ཀྱི་ལང་ཚོ་དང་ཚེ་སྲོག་དེ་གར་སྐྱེས་སུ་ཕུལ་དང་འབུལ་བཞིན་ཡོད།
     (རིག་རྡོར་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)