འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།རྒྱལ་སྲུང་པུའུ་ཡིས་ཧྥི་ལི་ཕིན་ལ་དྲང་ནན་ཐོག་ནས་བཤད་དོན་དུ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཧྥི་ལི་ཕིན་གྱིས་རེན་ཨའེ་མཚོ་གླིང་ལ་བཙན་འཛུལ་བྱས་པའི་སྐོར་ལ་ཚེས་24ཉིན། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
གསར་འགོད་པས། ཟླ་3ཚེས་23ཉིན་རེན་ཨའེ་མཚོ་གླིང་ཉེ་འགྲམ་མཚོ་ཁོངས་སུ་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཀྱིས་ཧྥི་ལི་ཕིན་གྱི་ཁྲིམས་འགལ་དམག་གྲུ་དང་དངོས་ཟོག་དབོར་རྩིས་བྱེད་མཁན་ཧྥི་ལི་ཕིན་ཕྱོགས་ཀྱི་གྲུ་གཟིངས་བཀག་སྡོམ་བྱས་ནས་ཕྱིར་འབུད་སོགས་ཀྱི་བྱ་ཐབས་སྤྱད་པ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
    ཝུའུ་ཆན་གྱིས། ཟླ་3ཚེས་23ཉིན་ཧྥི་ལི་ཕིན་གྱི་དམག་གྲུ་ཀྲུང་གོའི་རེན་ཨའེ་མཚོ་གླིང་ཉེ་འགྲམ་མཚོ་ཁོངས་སུ་བསྐྱོད་དེ་ཁྲིམས་འགལ་ངང་“གྲམ་ཐང་དུ་བསྡད་པའི་”དམག་གྲུར་དངོས་ཟོག་དབོར་རྒྱུའི་ལྐོག་གཡོ་བཤམས་པ་རེད། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་དང་སྒྲིག་སྲོལ་ལྟར་ཧྥི་ལི་ཕིན་ཕྱོགས་ཀྱི་གྲུ་གཟིངས་ལ་སྒྲིག་སྲོལ་བཟོ་བ་དང་། བཀག་འགོག་བྱེད་པ། ཕྱིར་འབུད་བྱེད་པ་བཅས་བྱས་ནས་ཁེ་དབང་ལ་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་ཧྥི་ལི་ཕིན་གྱི་ལྐོག་གཡོ་མཐའ་གཅིག་ཏུ་རྩ་སློག་བཏང་བ་རེད། ད་རེས་ཀྱི་དོན་རྐྱེན་དེ་ནི་ཧྥི་ལི་ཕིན་ཕྱོགས་ཀྱིས་འཁྲུག་རྐྱེན་བསླངས་པ་ལས་བྱུང་བ་ཡིན་པས། ཀྲུང་གོ་ཕྱོགས་ཀྱི་ཐག་གཅོད་བྱེད་སྟངས་ནི་ལུགས་མཐུན་ཁྲིམས་མཐུན་དང་། ཆེད་ལས་དང་ཚད་དང་ལྡན་པ་བཅས་ཡིན། 
    ནན་བཤད་བྱེད་དགོས་པ་ཞིག་ནི། ཀྲུང་གོར་རེན་ཨའེ་མཚོ་གླིང་ཚུད་པའི་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འགྲམ་གྱི་མཚོ་ཁོངས་ལ་རྩོད་ཐབས་བྲལ་བའི་བདག་དབང་ཡོད་པས། ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་བཏང་མི་ཆོག ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་གླེང་མོལ་བྱེད་རེས་དང་གྲོས་མོལ་བྱས་པ་བརྒྱུད་རྩོད་གཞི་ཐག་གཅོད་འཚམ་པོར་བྱེད་འདོད་ཡོད་མོད། འོན་ཀྱང་། ཧྥི་ལི་ཕིན་ཕྱོགས་ཀྱིས་ཁ་དན་ཚིག་ལ་མ་གནས་པར་རེན་ཨའེ་མཚོ་གླིང་དུ་ཁྲིམས་འགལ་ངང་“གྲམ་ཐང་དུ་བསྡད་པའི་”དམག་གྲུ་དེ་གཏན་འཇགས་རང་བཞིན་གྱི་སྒྲིག་བཀོད་དུ་བརྟན་དུ་གཏོང་འདོད་བྱེད་པ་དེའི་ཐད་ལ་ཀྲུང་གོ་ཕྱོགས་ཀྱིས་སྣང་ཆུང་གཏན་ནས་བྱེད་མི་སྲིད། ང་ཚོས་ཧྥི་ལི་ཕིན་ཕྱོགས་ལ་འགལ་བ་ཛ་དྲག་ཏུ་འགྲོ་བ་དང་དུས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པའི་གཏམ་བརྗོད་གང་ཞིག་ཡིན་རུང་སྤེལ་མཚམས་འཇོག་དགོས་པ་དང་། དབང་ཆར་བཙན་གནོད་དང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་མཐའ་དག་སྤེལ་མཚམས་འཇོག་རྒྱུའི་ནན་བཤད་བྱ་རྒྱུ་ཡིན། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མ་མཐའི་མཚམས་ཐིག་ལ་ཡང་ཡང་འགྲན་སློང་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སེམས་ཐག་ཆོད་པོས་བྱ་ཐབས་སྤྱད་དེ་རང་ཉིད་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།