འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི《དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་ཐབས་འགའ་ཞིག》ནང་ཞིང་ཆེན་གྱི་དོན་དངོས་ལ་དམ་པོར་དམིགས་ཏེ་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གཏན་འབེབས་བྱ་སྤྱོད”དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་བྱ་ཐབས་འཆར་འགོད་བྱས་པ་དང་ལྷག་པར་དུ་ཁེ་ལས་ལ་རོགས་སྐྱོར་དང་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་སོགས་ཀྱི་ལེགས་ཆ་ཆེ་ཙམ་ལྡན་པའི་ཁྱབ་ཁོངས་སུ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་དང་ཆེ་རུ་བཏང་བ་རེད།
     ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་སྐས་རིམ་རྣམ་པའི་སྐྱེད་སྲིང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་དམིགས་ནས“ཁེར་རྐྱང་ཚོང་དུད་ཁེ་ལས་ལ་བསྒྱུར་བ་དང་ཁེ་ལས་ཆུང་གྲས་གཞི་ཁྱོན་ཅན་ལ་བསྒྱུར་བར”སྐུལ་འདེད་གཏོང་བ་དང་། ཆོག་འཐུས་གཉེར་འཐུས་དང་ཕྱིར་འཐེན་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྔོན་བཀོད་ཆོག་འཐུས་དང་འབྲེལ་བ་ཡོད་པའི་ཁྲོམ་རའི་བྱེད་པོར་ཆོག་འཐུས་ཡིག་ཆའམ་ཡང་ན་ཆོག་འཐུས་ལག་ཁྱེར་དུ་བཀོད་པའི་ཚོང་ཡུལ་གྱི་ཆ་འཕྲིན་གཞིར་བཟུང་ཐད་ཀར་ཐོ་འགོད་རེ་འདུན་ཞུ་ཆོག་པ། ཁག་བགོས་ནས“ལས་རིགས་རེར་ལག་ཁྱེར་རེའི”སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ“གཉེར་འཐུས་རག་ན་ཚོང་གཉེར་ཆོག་པའི”ལས་དོན་རིམ་བཞིན་ཁྱབ་གདལ་བཏང་ཡོད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཐོན་ལས་སྲིད་ཇུས་དང་མཐུན་པའི་རིམ་པ་ཁག་དང་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་ཁེ་ལས་ལ་རོགས་རམ་བྱེད་པའི་ཁྱབ་ཁོངས་སུ་འཇུག་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་ལ་འགྱུར་བར་ཚད་བཀག་ཡོད་པའི་གཙོ་གནད་ཁེ་ལས་2500ལ་རྗེས་སྙེག་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། གནད་དོན་ཐག་གཅོད་བྱེད་ཡུན་མགྱོགས་སུ་གཏོང་བ། སྤྱིར་བཏང་གི་དོན་དག་ཉིན་བདུན་ནང་སྒྲུབ་པ། དཀའ་རྙོག་ཆེ་བའི་དོན་དག་ཟླ་བ་གཅིག་ནང་མཇུག་འབྲས་ཡོད་པ་བཅས་གསལ་པོར་བཏོན་ཡོད།
     ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་བྱ་སྤྱོད་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་ཏེ་ཚོང་གཉེར་ལ་སྟབས་བདེ་སྐྲུན་ཚད་ཡང་བསྐྱར་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཚོང་འགུགས་མ་འདྲེན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། བྱེ་བྲག་དང་སྤྱི་ཡོངས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྲིད་གཞུང་གི་ཡིད་རྟོན་དང་། རྩིས་ཁྲའི་དངུལ་འགྱངས་ཆད། གན་རྒྱ་ལག་བསྟར་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཡོད། དམངས་ཁྲོད་མ་འཇོག་གི“གསལ་ཐོ་གསུམ་དང་། ལས་སྟེགས་གཅིག མཛོད་གཅིག ལམ་སྲོལ་གཅིག”བཅས་ཧུར་ཐག་བཏོད་དེ་དམངས་ཁྲོད་མ་འཇོག་གི་རྣམ་གྲངས་དེ་ཞིང་ཆེན་རིམ་པའི་གཙོ་གནད་རྣམ་གྲངས་དང་རྒྱལ་ཡོངས་ཀྱི་གཙོ་གནད་དམངས་ཁྲོད་མ་འཇོག་གི་རྣམ་གྲངས་མཛོད་དུ་བཅུག་ནས་ཁག་དང་པོའི་དམངས་ཁྲོད་མ་འཇོག་གི་རྣམ་གྲངས་49ཡི་ནང་ཡོངས་བསྒྲགས་འོས་སྦྱོར་བྱས་ཡོད། དམངས་ཁྲོད་མ་རྩ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་། ནུས་རྒྱུ་གཙང་མ། གྲོང་གསེབ་དར་རྒྱས། སྐྱེ་ཁམས་ཡུལ་སྐོར་སོགས་གཙོ་གནད་ལས་གྲྭ་དང་ཞན་ཆ་སེལ་བའི་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ལ་གཏོང་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད།
     ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་ཚོང་དུད་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་གསལ་ཐོ་དུས་བཀག་ནང་ཡོངས་བསྒྲགས་བྱས་ནས་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་གསལ་ཐོ་ཕུད། དེ་བྱིངས་ཀྱིས་རང་དགར་གྲོན་བསྡུའི་རྣམ་གྲངས་འཛུགས་མི་ཆོག་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཆོག་འཐུས་ཀྱི་མཚམས་སྦྱོར་ཞབས་ཞུའི་གྲོན་བསྡུའི་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ཏེ་སྒེར་སྡེམ་རང་བཞིན་གྱི་མཚམས་སྦྱོར་གྱི་གྲོན་དངུལ་མཐོ་པོ་བསྡུ་བའི་བྱ་སྤྱོད་བཅོས་སྒྲིག་གཏིང་ཟབ་བྱས་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་དང་། མཐོ་གསར་ལག་རྩལ་གྱི་ཁེ་ལས། ཞིང་ཆེན་རིམ་པའི་ཚན་རྩལ་གྱི་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་བཅས་ལ་གཏན་འབེབས་ལྟར་བྱ་དགའ་དང་ཁ་གསབ་སྤྲོད་པ་དང་ཁྲལ་བསྡུའི་གཟིགས་སྐྱོང་བྱས་ཡོད། ལོ་འཁོར་གྱི་ཞིབ་འཇུག་གསར་སྤེལ་ལ་བཏང་བའི་མ་དངུལ་སྒོར་ཁྲི་50ལྷག་ཙམ་བཏང་བ་མ་ཟད། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་བཏང་བ་དེས་ཚོང་གཉེར་ཡོང་འབབ་ཀྱི་བསྡུར་ཚད་བཟུང་ཚད་3%ཡན་ཟིན་པའི་བཟོ་ལས་ཀྱི་ཁེ་ལས་འབྲིང་ཆུང་གི་ཞིབ་འཇུག་གསར་སྤེལ་ལ་བཏང་བའི་མ་དངུལ་གྱི་20%གཞིར་བཟུང་ཁ་གསབ་སྤྲོད་པ་དང་མང་ཤོས་ལ་སྒོར་ཁྲི་100ལས་བརྒལ་མི་རུང་བ་གསལ་པོར་བཏོན་ཡོད།
     (རིག་རྡོར་གྱིས་བསྒྱུར། ཉི་དོན་གྱིས་ཞུས)