འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།ཞིང་ལས་རྒྱུ་ཆའི་ཚོང་ཁང་ཞིག་གི་རྩིས་ཁྲའི་ནང་གི་འཕར་ཆག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། སུའུ་པིན།
    ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཝུའུ་ཏང་ཆུས་མཱ་ཁྲང་གྲོང་ཚོའི་དབྱང་ཕུའུ་ཚའེ་ཁྱིམ་གྱི་ཞིང་ལས་རྒྱུ་ཆའི་ཚོང་ཁང་དེ་ཁྲོམ་གཞུང་གཙོ་བོར་གནས་པ་དང་། ཚོང་ཁང་བཙུགས་ནས་ལོ་15འགྲོ་ཡི་ཡོད་ཅིང་། ཞིང་སྤྱོད་རྒྱུ་ཆ་ཉོ་མཁན་མང་ཆེ་བ་ནི་སྤྱི་ལེ་བརྒྱད་དགུ་ཙམ་གྱིས་ཆོད་པ་དང་མཐའ་འཁོར་གྱི་གྲོང་ཚོ་ལྔ་དྲུག་ནས་ཡིན།
    དཔྱིད་རྨོད་དཔྱིད་གྲབས་ཀྱི་དུས་སུ་སླེབས་པས། འདི་ལོའི་དཔྱིད་གྲབས་ལ་བྲིན་ཁ་རྒྱུག་ཤོས་དེ་གང་ཡིན་ནམ།
    ཞོགས་པའི་ཆུ་ཚོད་བདུན་པ་ནས་ཚོང་ཁང་སྒོ་ཕྱེ་བ་དང་། ཆུ་ཚོད་གཅིག་ནང་མངགས་ཐོ་13བྱུང་བའི་ནང་མང་ཆེ་བ་ནི་ཆུ་འབྲས་ཀྱི་སོན་ཉོ་མཁན་ཡིན་པ་རེད། དབྱང་ཕུའུ་ཚའེ་ཡིས་ཚོང་སྒྲོམ་སྟེང་གི་བྱུང་འཛིན་རྩིས་རྒྱག་བཞིན“སོ་ནམ་པའི་ངོས་ནས་བརྗོད་ན་རྨོ་ཞིང་ནི་སྲོག་རྩ་རེད། ཞིང་ལས་རྒྱུ་ཆའི་ནང་ནས་ས་བོན་ནི་གཙོ་བོ་རེད”ཅེས་བཤད།
    དབྱང་ཕུའུ་ཚའེ་ལ་ཚོང་ཁང་གཉིས་ཡོད་ཅིང་། ཚོང་ཁང་གཅིག་གི་ནང་ས་བོན་སྣ་ཚོགས་སྤུངས་འདུག་ལ། ཕལ་ཆེར་སྣ་ཁ་20ཙམ་ཡོད་བཟོ་འདུག སྒོ་འགྲམ་དུ་བསྒྲིགས་པའི་ཚོང་སྒྲོམ་ཆུང་ངུའི་སྟེང་སྤུས་ལེགས་ཀྱི་ས་བོན་སྣ་ཚོགས་བཞག་འདུག ཚོང་ཁང་གཞན་དེའི་ནང་ཞིང་སྨན་དང་། རྫས་ལུད། ཞིང་སྤྱོད་འགྱིག་ཤོག་སྲབ་མོ་སོགས་ཞིང་སྤྱོད་དངོས་རྫས་བརྩིགས་འདུག་ལ། སྣ་ཁ་དྲུག་ཅུ་བདུན་ཅུ་ཙམ་ཡོད་བཟོ་འདུག
    དཔྱིད་རྨོད་འགོ་ཚུགས་པས། ཚོང་གང་འདྲ་འདུག་གམ།
    “ད་ལྟ་ཞིང་བྲེལ་གྱི་དུས་ཡིན་པས། ཉིན་ལྟར་གོང་ཚད་སྐད་ཆ་འདྲི་མཁན་མང་པོ་འདུག” དབྱང་ཕུའུ་ཚའེ་ཡིས་གཟའ་འཁོར་གཅིག་གི་རྩིས་ཁྲ་སྟོན་སྐབས། ཆ་སྙོམས་ཉིན་རེར་ཚོང་འགྲིག་ཚད་བཞི་བཅུ་ལྔ་བཅུ་ཙམ་ཟིན་པ་དང་། ཟླ་3ཚེས་19ཉིན་ཁོ་ནར་བྲིན་ཚོང་ཡོང་འབབ་སྒོར་12113བྱུང་འདུག “ཚོང་ཡག་པའི་སྐབས་སུ་ཉིན་གཅིག་ལ་སྒོར་ཁྲི་གཉིས་ཙམ་རག་གི་འདུག ལོ་ལྟར་ལུགས་རྙིང་ལོའི་ཟླ་2པ་ནས་ཟླ་4པའི་བར་བྲེལ་བ་ཆེ་ཤོས་རེད། ཟླ་3པའི་ཕྱིར་ཚོང་བསྡོམས་འབོར་གྱིས་ལོ་ཧྲིལ་པོའི་བཅུ་ཆ་བདུན་ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།
     གསར་འགོད་པས་ཟླ་བ་གཅིག་རིང་གི་རྩིས་ཁྲར་ལྟ་སྐབས། རིམ་རྩིས་བྱས་ན་ས་བོན་ཏུན་1དང་། རྫས་ལུད་ཏུན་11 ཞིང་སྨན་ཏུན་1.3བཅས་བཙོངས་པ་གསལ། “གྲངས་གཞིའི་ཐོག་ནས་བལྟས་ཚེ་ན་ནིང་གི་དུས་མཚུངས་ལས་10%ཙམ་ཆག་པ་དང་། ཞིང་སྤྱོད་རྒྱུ་ཆའི་དགོས་མཁོའི་སྤྱི་འབོར་བལྟོས་བཅས་ཀྱིས་བརྟན་པོ་ཡོད་མོད། འོན་ཀྱང་ཞིང་པའི་ཉོ་སྒྲུབ་ཐབས་ལམ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་འགྲན་རྩོད་ཆེ་རུ་ཕྱིན་འདུག” ཅེས་དབྱང་ཕུའུ་ཚའེ་ཡིས་འགྲེལ་བཤད་བརྒྱབ།
    “ཉེ་བའི་ལོ་ཤས་རིང་། ཞིང་ལས་ཐོན་སྐྱེད་ལ་འགྱུར་ལྡོག་གསར་པ་མི་ཉུང་བ་ཞིག་བྱུང་ཡོད་པས་ཞིང་སྤྱོད་རྒྱུ་ཆ་ཡག་པོ་འཚོང་བསམ་ན། ཐོན་རྫས་ལ་ཞིབ་འཇུག་དང་ཁྲོམ་རའི་རྗེས་སུ་དམ་པོར་སྙེག་དགོས”དབྱང་ཕུའུ་ཚའེ་ཡིས“དཔེར་ན་ལོ་5ཡི་གོང་། སྲོལ་རྒྱུན་གྱི་རྫས་ལུད་བྲིན་ཁ་རྒྱུག་པོ་ཡོད་ཀྱང་། ཕྱིས་སུ་བྲིན་ཁ་རྒྱུག་པོ་བྱུང་མེད་ལ། འདི་ལོ་དེ་བས་བྲིན་ཁག་པོ་འདུག”ཅེས་བཤད།
    ཝུའུ་ཏང་ཆུས་ཞིང་ལས་དང་གྲོང་གསེབ་ཅུས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲང་ཡུང་གིས་དབྱེ་ཞིབ་བྱས་པ་ལྟར་ན། འདྲེས་སྦྱོར་ལུད་གསར་པ་ཁྲོམ་རར་བྲིན་ཁ་རྒྱུག་པའི་རྒྱུ་མཚན་ནི་སྤྱོད་ཚད་ཉུང་ལ་ཕན་འབྲས་ཡག་པ་དང་། ས་རྒྱུ་མཁྲེགས་པོ་ཆགས་ཚད་དང་ཁོར་ཡུག་སྦགས་བཙོག་བཟོ་ཚད་ཉུང་བ། རིན་གོང་ཁེ་བ་བཅས་ཡོད་པས་ཕུགས་དང་སྐྱེ་ཁམས་གང་གི་ཐད་ནས་བལྟས་ཀྱང་ཕན་འདོགས་ཆེ་བ་དང་རྫས་ལུད་སྤྱོད་ཉུང་བ་དང་ཕན་འབྲས་ཆེ་བས་ཞིང་དུད་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དབྱང་ཕུའུ་ཚའེ་ཡི་རྩིས་ཁྲ་ནས་མངོན་པར། འདྲེས་སྦྱོར་ལུད་གསར་པ་འགྱིག་ཁུག་གཅིག་གི་རིན་གོང་སྒོར་30ཡིན་པ་དང་། འདི་ལོ་ཏུན་20གྲ་སྒྲིག་བྱས་པ་དང་ད་ཆ་ཏུན་1ལས་ལྷག་མེད། ཁོང་གིས་དཔྱིད་རྨོད་མཇུག་མ་འགྲིལ་གོང་ད་དུང་ཏུན་30འཐེན་རྩིས་ཡོད།
   སྐབས་རེ་འཕར་བ་དང་སྐབས་རེ་ཆག་པ་ནི་ཚོང་གི་ཆོས་ཉིད་ཡིན། སྤུས་ལེགས་ཀྱི་ས་བོན་དང་རྫས་ལུད་གསར་པ་བྲིན་ཁ་ཧ་ཅང་རྒྱུག་པ་དང་བསྡུར་ན། ཕྱི་དྲོ་ཧྲིལ་པོར་དབྱང་ཕུའུ་ཚའེ་ཡིས་འབུ་གསོད་སྨན་རྫས་ཤེལ་དམ་གཅིག་དང་རྩྭ་ངན་མེད་པ་བཟོ་བའི་སྨན་ཤོག་ཆག་3ལས་ཚོང་ཐུབ་མེད་པ་དེ་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་དྲུག་ཡང་ཟིན་མེད། ཁོང་གིས་ཀྱང་ས་ཞིང་འདེབས་ཀྱི་ཡོད་པ་དང་། ལོ་ལྟར་ཆུས་ནས་ཞིང་ལས་ལག་རྩལ་ཞབས་ཞུ་སྒྲིག་འཛུགས་བྱས་ནས་ཞིང་དུད་ལ་ཚན་རིག་དང་མཐུན་པ་དང་། ལུགས་མཐུན། འོས་འཚམ་བཅས་ཀྱི་སྒོ་ནས་ཞིང་སྨན་སྤྱོད་སྟངས་མཛུབ་ཁྲིད་བྱེད་ཀྱི་ཡོད།