འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་25ཉིན།

༄༅།།ཡུན་ནན་གྱིས་བརྡ་ཐོ་བཀྲམ་ནས་བྱེད་ཐབས་སྣ་མང་སྤྱད་དེ་ཐན་འགོག་དང་གནོད་འཚེ་ཉུང་
གཏོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་25ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཡུན་ནན་ཞིང་ཨུད་གཞུང་དོན་ཁང་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཡུན་ནན་ཞིང་ཆེན་གྱིས་འབྲེལ་ཡོད་བརྡ་ཐོ་བཀྲམ་ནས། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་དང་རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས་སོགས་ཀྱི་བྱེད་ཐབས་བརྒྱུད། ཐན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། ཐན་སྐྱོན་གྱིས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གང་ཐུབ་གཏོང་དགོས་ཞེས་བཏོན་ཡོད།
    བརྡ་ཐོའི་ནང་བསྟན་དོན། 2024ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་ཡོངས་སུ་ཆར་པ་བབས་ཚད་རྒྱུན་གཏན་ལོའི་དུས་མཚུངས་ལས་ཅུང་ཉུང་བ་དང་། དྲོད་ཚད་རྒྱུན་གཏན་ལོའི་དུས་མཚུངས་ལས་ཅུང་མཐོ་བ། གནམ་གཤིས་སྐམ་ཤས་ཆེ་རུ་འགྲོ་མགྱོགས་པ། གནམ་གཤིས་ཆུ་དཔྱད་འཕེལ་ཕྱོགས་ཀྱི་སྔོན་བརྡར་དབྱེ་ཞིབ་བྱས་པར་གཞིགས་ན། ཆར་དུས་མ་སླེབས་གོང་ཞིང་ཆེན་ཡོངས་སུ་དྲོད་ཚད་མཐོ་ལ་ཆར་ཆུ་ཉུང་བའི་གནམ་གཤིས་སྔར་བཞིན་བསྟན་རྒྱུ་དང་། གཙང་པོ་དང་ཆུ་བོ་གཙོ་བོའི་ཆུ་ཁུངས་ཅུང་ཉུང་བ་དང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཐན་པ་བསྟན་པའི་ཉེན་ཁའི་རིམ་པ་ཅུང་མཐོ་བ་དང་ཐན་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་དུས་བབ་ཛ་དྲག་པོ་ཡོད།
    དེར་བརྟེན་བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་ཆར་ཆུ་བབས་ཚུལ་དང་། ཆུའི་གནས་ཚུལ། སེར་ལངས་ཚུལ། ཐན་པའི་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། གྲོས་བསྡུར་དང་དབྱེ་ཞིབ་བྱེད་པ། ཐན་སྐྱོན་ལ་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་བཅད་ནས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་དུས་ཐོག་དང་གནད་འཁེལ་ངང་ཁྱབ་བསྒྲགས་བྱེད་དགོས། ཐན་འགོག་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཐན་སྐྱོན་གྱི་འཕེལ་ཕྱོགས་ལ་གཞིགས་ནས་ཐན་འགོག་གི་འཕྲལ་སྡོམ་བརྡ་ལན་དུས་ཐོག་ཏུ་གཏོང་དགོས།
    བརྡ་ཐོའི་ནང་ཁ་གསལ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐན་ཁུལ་གྱི་ཆུ་དཀོན་པའི་གནས་ཚུལ་རྫོང་དང་། ཤང་། གྲོང་ཚོ། དུད་ཚང་བཅས་རེ་རེ་བཞིན་གྲལ་བཤེར་མཐིལ་རྟོགས་བྱས་ནས། རྒྱུན་མཐུད་ཐན་པ་བསྟན་པའི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཆུ་མཛོད་ཀྱི་ཆུ་མཁོ་འདོན་དང་། འཕྲལ་སྡོམ་ཆུ་འདྲེན། ཁྲོན་པ་དྲུས་ནས་ཆུ་ལེན་པ། ཆུ་འཐེན་པ་དང་ཆུ་སྐྱེལ་བ་སོགས་ཀྱི་བྱེད་ཐབས་ཧུར་ཐག་སྤྱད་དེ། ཐན་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འཐུང་ཆུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
   དེ་དང་དུས་མཚུངས། ཀྲོའུ(གྲོང་ཁྱེར)ཡིས་རྫོང་འགན་གཙང་ལེན་པ་དང་། རྫོང་གིས་ཤང་འགན་གཙང་ལེན་པ། ཤང་གིས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོས་དུད་ཚང་འགན་གཙང་ལེན་པ། ལས་བྱེད་པས་མང་ཚོགས་འགན་གཙང་ལེན་པ་བཅས་ཀྱི་འགན་འཁྲིའི་ལམ་སྲོལ་འཛུགས་དགོས། ལྷག་པར་དུ་ཐག་རིང་རི་ཁུལ་སོགས་དམིགས་བསལ་ས་ཁུལ་དང་། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་། རྒན་གསོ་ཁང་སོགས་དམིགས་བསལ་སྒྲིག་གཞི་དང་དེ་བཞིན་དབུལ་སྒྲོལ་མི་འབོར་དང་མི་ཧྲེང་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་བྱས་ནས་དུད་ཚང་གཅིག་ཀྱང་མ་ལུས་པ་དང་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས།