འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་24ཉིན།

༄༅།།རྒྱལ་ཡོངས་ནས་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་1.7ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་24ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་པར། མིག་སྔའི་བར་ཐོན་ཁུལ་གཙོ་བོའི་རིགས་ཁག་གི་འབྲུ་རིགས་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཏུན་དུང་ཕྱུར་1.7ལྷག་ཙམ་ཉོ་སྒྲུབ་བྱས་པ་དང་སྤྱི་ཡོངས་ནས་ཉོ་སྒྲུབ་བྱེད་ཚད་བཅུ་ཆ་བརྒྱད་དང་ཕྱེད་ཀ་ཟིན་ཡོད་པ་རེད།
   དཔྱིད་གསར་དུས་ཆེན་ཚར་རྗེས་འབྲུ་རིགས་གྲབས་གསོག་ཁེ་ལས་ཀྱིས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྣོན་ཞིབ་ཚགས་ཁེ་ལས་དང་ཚོང་དོན་ཁེ་ལས་ཀྱིས་མཛོད་ཉར་མང་ཙམ་བྱེད་བཞིན་ཡོད་པ་དང་། མ་རྨོས་ལོ་ཏོག་སོགས་ཉོ་སྒྲུབ་རིན་གོང་བརྟན་པོའི་ངང་འཕར་བའི་རྣམ་པ་མངོན་ཡོད། ལྷག་པར་དུ། བྱང་ཤར་ས་ཁུལ་ཞིང་དུད་ཀྱི་འབྲུ་རིགས་འཚོང་བའི་གོམ་སྟབས་མགྱོགས་སུ་ཕྱིན་ནས་ཁྲོམ་རར་འདོན་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཏེ་ཉོ་སྒྲུབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
   རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་བྱང་ཤར་ས་ཁུལ་གྱི་མ་རྨོས་ལོ་ཏོག་ཉིན་རེར་ཉོ་སྒྲུབ་བྱེད་ཚད་ཆ་སྙོམས་ཏུན་ཁྲི་90ཙམ་ཟིན་ནས་བསྡོམས་འབོར་ཏུན་ཁྲི་8000ལྷག་ཙམ་ཟིན་པས། བྱང་ཤར་ས་ཁུལ་དུ་མ་རྨོས་ལོ་ཏོག་ཉོ་སྒྲུབ་བྱེད་ཚད་མང་དུ་ཤུགས་ཆེན་ཕྱིན་ཡོད་ཅེས་བརྗོད་ཆོག་གི་ཡོད། མ་རྨོས་ལོ་ཏོག་ལས་སྣོན་ཞིབ་ཚགས་ཁེ་ལས་མི་ཉུང་བ་ཞིག་གིས་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་ཧུར་ཐག་བྱས་པ་དང་ཉོ་སྒྲུབ་རིན་གོང་ཡང་དཔྱིད་གསར་དུས་ཆེན་གོང་ལས་ཏུན་རེར་སྒོར་100ནས་180བར་འཕར་ཡོད་པ་རེད། སྔོན་དཔག་བྱས་ན་སླད་ཕྱིན་དུས་སྐབས་ཤིག་རིང་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་སྔར་བཞིན་མཐོ་པོ་ཡོང་རྒྱུ་རེད།