འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་22ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དུས་བབ་བཟང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་22ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་19ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། ལས་རིགས་བཀོད་གཏོང་གི་གནས་ཚུལ་ལ་གཞིགས་ན། ཟླ་3ཚེས་18ཉིན་བར་མཚོ་སྔོན་ཞིང་ཆེན་དུ་དཔྱིད་རྨོད་རྒྱ་ཁྱོན་མུའུ་ཁྲི་18.73(སྤྱི་ཆིང་ཁྲི་1.25)ལེགས་གྲུབ་ཟིན་པ་དང་། འདེབས་འཛུགས་གྲུབ་ཆའི་ངོས་ནས་བརྗོད་ན“འབྲུ་རིགས་འདེབས་ཁྱོན་བརྟན་པ་དང་། པད་ཁ་འདེབས་ཁྱོན་འཕར་བ། ཚལ་སྣ་འཛོམས་པ”བཅས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། སྔོན་དཔག་བྱས་ན་དུས་ཚིགས་དང་པོའི་དུས་མཇུག་ཏུ་ནོར་ལུག་བཤས་གཏོང་ཚད་དང་བེའུ་དང་ལུ་གུ་སྐྱེས་ཚད་གཉིས་ཀ་འཕར་རྒྱུ་ཡིན་པས། འབྲོག་ལས་ཐོན་རྫས་ཁྲོམ་རར་མཁོ་སྤྲོད་འདང་ངེས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དུས་བབ་བཟང་པོ་ཡོད་པ་རེད།
     ལོ་འགོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཞིང་ལས་གྲོང་གསེབ་པུའུ་དང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། འདེབས་འཛུགས་ལས་རིགས་ཐད་ས་རྒྱུའི་བརླན་ཚད་སྙོམས་པས་ཐོན་སྐྱེད་ལ་ཕན་པ་དང་། ཞིང་ལས་ཀྱི་སོན་བཟང་གསོག་འཇོག་འདང་ངེས་ཡོད་པ། ཞིང་སྐྱོར་མ་དངུལ་དུས་ཐོག་ཏུ་དམིགས་སར་འབྱོར་བ། ཞིང་འཕྲུལ་ཉམས་བཟོ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ། འདེབས་འཛུགས་རྒྱ་ཁྱོན་བརྟན་པོ་ཡོད་པ་བཅས་རེད། ཟླ་3ཚེས་17ཉིན་བར་ཞིང་ཆེན་ཡོངས་ཀྱིས་རྫས་ལུད་སྣ་ཚོགས་ཏུན་ཁྲི་13.9དམིགས་སར་དབོར་བ་དང་། ཞིང་སྨན་སྣ་ཚོགས་ཏུན་589.1དང་ཞིང་སྤྱོད་འགྱིག་ཤོག་ཏུན་32.12ཉོས་ཤིང་། ཤར་རྒྱུད་ཞིང་ལས་ཁུལ་དུ་ཆ་སྙོམས་རྫས་ལུད་སྣ་ཚོགས་སྤྲད་པ་དེས་ས་ཁོངས་ནང་ཁུལ་དུ་བེད་སྤྱད་པའི་སྤྱི་འབོར་གྱི་87%ཟིན་པ་རེད། སྐྱེ་དངོས་ཀྱི་སོན་བཟང་སྣ་ཚོགས་ཁྱོན་སྤྱི་རྒྱ་ཁྲི་3970གསོག་ཉར་བྱས་པ་དང་། སོན་བཟང་སྣ་ཚོགས་སྤྱི་རྒྱ་ཁྲི་445.85ཕྱིར་འཚོང་བྱས་ཏེ། སོན་བཟང་གཅིག་སྡུད་མཁོ་སྤྲོད་བྱེད་ཚད་12%ཡན་ཟིན་ཡོད་པ་རེད།
     འབྲོག་ལས་ཐད། ན་ནིང་གི་དགུན་ཁ་དང་ད་ལོའི་དཔྱིད་ཀ་ནས་བཟུང་། རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཉེན་བརྡ་གཏོང་བའི་ལམ་སྲོལ་དང་མཛུབ་ཁྲིད་ཞབས་ཞུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གེགས་འགོག་ཕྱུགས་སྲུང་དང་། ལུ་གུ་སྐྱེ་བསུ་དང་། བཤས་གཏོང་ལ་སྐུལ་འདེད། གཟན་རྩྭ་གྲབས་གསོག་དང་གཟན་ཆགས་ཁ་གསབ་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་ཡོད། སྔོན་དཔག་བྱས་ན་དུས་ཚིགས་དང་པོའི་དུས་མཇུག་ཏུ་ཞིང་ཆེན་ཡོངས་སུ་ནོར་བཤས་གཏོང་ཚད་མགོ་གྲངས་ཁྲི་30ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་16.6%འཕར་རྒྱུ་དང་། ལུག་བཤས་གཏོང་ཚད་མགོ་གྲངས་ཁྲི་110ཟིན་རྒྱུ་ཡིན་པ་དུས་མཚུངས་ལས་17.09%འཕར་རྒྱུ་རེད། བེའུ་ཁྲི་45དང་ལུ་གུ་ཁྲི་420འཕེལ་ནས་དུས་མཚུངས་ལས་ཅུང་འཕར་རྒྱུ་རེད། ཕག་པ་བཤས་གཏོང་ཚད་རྒྱུན་མཐུད་མང་དུ་ཕྱིན་ནས་འབྲོག་ལས་ཐོན་རྫས་མཁོ་སྤྲོད་འདང་ངེས་བྱུང་ཞིང་། ཟླ་2པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཕག་པ་བཤས་གཏོང་ཚད་མགོ་གྲངས་ཁྲི་17.44ཟིན་ནས་དུས་མཚུངས་ལས་37.28%མང་དུ་ཕྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་ནོར་ལུག་དང་། ཕག་པ། བྱ་རིགས་བཅས་ཀྱི་ཤ་ཐོན་ཚད་ཏུན་ཁྲི་5.12ཟིན་ནས་དུས་མཚུངས་ལས་21.52%འཕར་བ་རེད།