འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་22ཉིན།

ཞི་ཅིན་ཕིང་གིས་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

༄༅།།འགོ་འཛུགས་ས་དེ་བས་མཐོ་པོས་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་22ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།
ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ་3ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་དབུས་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། ནུས་རྒྱུའི་མ་བཅོས་རྒྱུ་ཆའི་རྟེན་གཞི་གལ་ཆེན། དེང་རབས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་དེ་བཞིན་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི་གལ་ཆེན། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟེ་གནས་གལ་ཆེན་བཅས་ཡིན་པས་རྒྱལ་ཡོངས་སུ་གནས་བབ་གལ་ཆེན་བཟུང་ཡོད། ཏང་ཀྲུང་དབྱང་གིས་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དབུས་རྒྱུད་ས་ཁུལ་དར་རྒྱས་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཐང་ཏེང་ཅེ། ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧན་ཅུན། ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་དབྱང་ཧྲེན། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་བྱས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ་དང་བསམ་འཆར་གྲོས་འགོ་བཏོན་པ་རེད།
    ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཐེངས་གོང་མའི་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ་5སོང་རིང་། དབུས་རྒྱུད་ས་ཁོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཐོན་ལས་ཀྱི་རྨང་གཞི་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་གསར་པ་སྤོས་པ། སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་གོམ་སྟབས་མགྱོགས་སུ་ཕྱིན་པ་བཅས་ལས་དབུས་རྒྱུད་ས་ཁུལ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་སླེབས་ཡོད། དེ་དང་དུས་མཚུངས་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ཡོད་པས་ཞིབ་འཇུག་དང་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་གཏོང་དགོས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་འདིར་གཞི་ཚུགས་ཏེ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། བཟོ་ལས་ཅན་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་གྱི་ཐོན་ལས་སྔོན་ལ་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་སྔར་བས་མཐོང་ཆེན་བྱས་ནས་ཚན་རྩལ་གྱི་འགག་སྒྲོལ་གལ་ཆེན་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལག་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ཤུགས་ཆེར་བཏང་ནས་གོང་འོག་མཉམ་ལས་དམ་ཟབ་བྱེད་པའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་བཏང་ནས་ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་མགྱོགས་མྱུར་འགྱུར་བ་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་གལ་ཆེའི་ལག་རྩལ་བསྒྱུར་བཀོད་རིམ་སྤོར་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། འཕེལ་རྒྱས་ཀྱི་འཐབ་ཇུས་གཞན་དག་གལ་ཆེན་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཀྱིས་དེར་འདེགས་སྐྱོར་དེ་བས་ལེགས་པ་བྱེད་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བཅས་དང་འབྲེལ་མཐུད་གཏིང་ཟབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་འདྲེས་མཉམ་འགུལ་ཡོང་བར་ཤུགས་སྣོན་རྒྱག་དགོས། གོ་རིམ་ལྡན་པའི་སྒོ་ནས་ཐོན་ལས་སྐས་རིམ་སྤོ་སྒྱུར་དང་འབྲེལ་མཐུད་ཐུབ་པ་བྱས་ནས་ཐོན་ལས་ཀྱི་རྣམ་པ་ལེགས་སུ་གཏོང་དགོས། དེང་རབས་ཅན་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དབུས་རྒྱུད་ས་ཁུལ་གྱི་བགྲོད་ལམ་ཆེན་པོའི་ཆགས་སྟངས་ལ་ཤུགས་སྣོན་རྒྱག་དགོས། ས་ཁོངས་ནང་ཁུལ་གྱི་ཞིང་ཆེན་དབར་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། འབྲི་ཆུའི་བར་རྒྱུད་ཀྱི་ཡུག་འབྲེལ་གྲོང་ཚོགས་དང་ཀྲུང་ཡོན་གྱི་ཁྱུ་ཚོགས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་ཤུགས་ཆེན་བཏང་ནས་གྲོང་ཚོམས་དབར་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་འཁོར་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་དེ་བས་ལེགས་པ་བྱེད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། འགྲན་རྩོད་ནུས་པ་སྔར་བས་ཆེ་བའི་སྐམ་སའི་སྒོ་དབྱེའི་མཐོ་ས་མུ་མཐུད་གཏོད་དགོས། གཙོ་རྒྱུའི་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་ཀྱི་སྲུང་སྐྱོང་བྱ་སྤྱོད་ཁྱོན་ཡོངས་ནས་གཙང་བཤེར་དང་ཡོ་བསྲང་བྱེད་པ། ཐོན་སྐྱེད་ནུས་ཤུགས་ཀྱི་གཙོ་རྒྱུ་སྣ་ཚོགས་ས་ཁོངས་ལས་བསྒྲལ་ཏེ་འགྲོ་རྒྱུག་ལུགས་མཐུན་དང་བཀོད་སྒྲིག་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་དགོས། ལམ་ལུགས་ཅན་གྱི་སྒོ་དབྱེ་གོམ་སྟབས་བརྟན་པོའི་ངང་རྒྱ་བསྐྱེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གཏིང་ཟབ་འདྲེས་པ། ཨེ་ཤེ་ཡ་དང་ཡོ་རོབ་གཉིས་ཀྱི་སྐམ་སའི་ཟམ་པ་གསར་པ་དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་པ། ནུས་ཆེ་རིམ་པའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ལས་སྟེགས་དེ་བས་མང་བ་སྐྲུན་པ་བཅས་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་འཁོར་སྐྱོད་ཟུང་དང་འབྲེལ་མཐུད་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་དགོས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་གཙོ་རྒྱུའི་ཐོན་ཁུངས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་འགྲོ་བར་རྒྱབ་སྐྱོར་བྱས་ཏེ་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་དབུས་རྒྱུད་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་གཏིང་ཟབ་བརྒྱབ་ནས་གཙང་པོ་དང་ཆུ་བོ་ཆེ་གྲས་དང་མཚེའུ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་མ་ལག་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། མཐུན་སྦྱོར་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་དང་གཙང་གསིང་སྒྲིག་ཆས་ཀྱི་ཞན་ཆ་གང་མགྱོགས་སེལ་དགོས། ཐོན་ལས་དང་། ནུས་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་གྲུབ་ཚུལ་ལྗང་མདོག་ཐཱན་ཉུང་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་ནས་ལྗང་མདོག་ཐཱན་ཉུང་ཐོན་ལས་སྐྱེད་སྲིང་དང་མགྱོགས་མྱུར་རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་རྒྱུན་འཁོར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུག་ཁུལ་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་གྱུར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སྤྱི་པའི་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་དང་ཐོན་སྐྱེད་ཀྱི་གཙོ་རྒྱུ་རང་མོས་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་སྣུར་སྲིང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་གཞི་ཁྱོན་འོས་འཚམ་ལྡན་པའི་ངང་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་སྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཞིང་དར་ཞིང་ཕན་དང་དམངས་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཕར་གཞི་གསར་པ་ཆགས་པར་བྱེད་དགོས། གསར་བརྗེའི་གནས་གཞིའི་ཁུལ་རྙིང་པ་དང་དར་རྒྱས་འགྲོ་འགོར་བའི་རྫོང(གྲོང་ཁྱེར་དང་ཆུས)དར་རྒྱས་གོང་འཕེལ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་བ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། ནང་གནས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་ལོག་བཀག་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་ཚུལ་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ནག་སེལ་གཤེད་བཅོམ་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱས་ནས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས།
    ཞི་ཅིན་ཕིང་གིས་གསུངས་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་། ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་བཅས་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ་ལྗང་མདོག་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་མཁོ་སྤྲོད་རྟེན་གཞི་ཁག་ཅིག་བཙུགས་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ལྡན་པའི་སྒོ་ནས་མཁོ་སྤྲོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། རྡོ་སོལ་དང་ཞི་ཐུའུ་སོགས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རྡོ་སོལ་སོགས་ཀྱི་འགྱུར་རྡོའི་ནུས་རྒྱུ་ཐ་སྐྱོང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ། ནུས་རྒྱུ་གསར་པའི་མ་ལག་གང་མགྱོགས་འཛུགས་པ་བཅས་བྱས་ཏེ་སྲོལ་རྒྱུན་གྱི་ནུས་རྒྱུ་དང་ནུས་རྒྱུ་གསར་པ་ཕན་ཚུན་གསབ་རེས་དང་མཉམ་འདྲེས་གཏིང་ཟབ་བྱེད་པར་སྣང་ཆེན་བྱེད་དགོས།
    ཞི་ཅིན་ཕིང་གིས་མཇུག་ཏུ་ནན་བཤད་གནང་དོན། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། ས་གནས་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གཙོ་གནད་ལས་འགན་དང་སྒྱུར་བཅོས་ཀྱི་དོན་དག་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ལྷག་བསམ་རྣམ་དག སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་པ། དཔྱད་ཞིབ་ལྕག་སྐུལ་གྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་བྱེད་པས་བློ་ཁོག་ཆེན་པོས་གསར་འབྱེད་དང་རང་འགན་ཐེག་པ་འཁུར་ལེན་བྱེད་པར་སྐུལ་འདེད་གཏོང་དགོས།
    ལི་ཀན་ཅེ་དང་། ཧོ་ལི་ཧྥེང་། ཝུའུ་ཀྲེང་ལུང་། མུའུ་ཧུང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་ས་ཁུལ། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་ཡང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།