འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།གྲོང་མིར་བྱ་བ་དངོས་དང་བཟང་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་པ།

—— བོད་ལྗོངས་སྒར་རྫོང་རྒོད་ཚང་སྨད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དོན་གྲུབ་ཀྱི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ།
     འདི་ལོ་ལོ་39ལ་སླེབས་པའི་བོད་ལྗོངས་སྒར་རྫོང་གཙོ་ཚོ་ཤང་རྒོད་ཚང་སྨད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་དོན་གྲུབ་ཀྱི་ཤ་མདོག་ཅུང་ནག་པ་དང་སྐད་ཆ་ཤོད་སྐབས་ངོ་གདོང་ལས་འཛུམ་མདངས་འཕྱུར་འོང་། 
     2011ལོར་ཚོགས་ཆུང་དང་པོའི་ཙུའུ་ཀྲང་དང་། 2014ལོར་གྲོང་མིའི་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་དང་རྩིས་པ་གཅིག་ལྕོགས། 2017ལོར་སྒྲིག་འཛུགས་ཨུ་ཡོན་དང་ཞིང་འབྲོག་པའི་སྒྲོག་འགྲེལ་པ་གཅིག་ལྕོགས། 2021ལོར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་ཁུར། ལོ་བཅུ་ལྷག་ཙམ་རིང་ནོར་བུ་དོན་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོར་སྐྱོད་ཀྱི་ཡོད། 
     “ན་ནིང་ང་ཚོའི་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ཁྲི་200བྱུང་ནས་བགོ་འགྲེམས་སྒོར་ཁྲི་100ལས་མང་ཚོགས་མི་རེར་སྒོར་2761བགོས་པ་རེད”ཅེས་ནོར་བུ་དོན་གྲུབ་ཀྱིས་གསར་འགོད་པར་བཤད།
     རྒོད་ཚང་སྨད་གྲོང་ཚོ་ཆུ་མིག་ཤར་ལའི་མཉམ་ལས་ཁང་དེ་2010ལོར་བཙུགས་པ་དང་། དང་ཐོག་དུད་ཚང་50ཡི་མང་ཚོགས་ཀྱིས་ལུག་གཅིག་མ་རྐང་ནང་ཞུགས་པ་དང་ད་ཆ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མ་མ་རྐང་ནང་ཞུགས་ཡོད། ན་ནིང་སྒར་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་མཉམ་ལས་ཁང་ལ་ཕྱུགས་རིགས་གསབ་སྣོན་རྣམ་གྲངས་ལག་ལེན་བསྟར་ནས་ཁྱོན་འབྲི་གཡག་115དང་། ལུག་300ཁ་སྣོན་བརྒྱབ་པ་དང་། དེ་དག་མང་ཚོགས་ཀྱིས་རང་གསོ་བྱས་པར་བརྟེན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་50བྱུང་བ་རེད། 
     2023ལོར་མངའ་རིས་ས་ཁུལ་གྱི་སྐབས་དགུ་པའི“འཛད་སྤྱོད་ཡར་སྐུལ་དང་མཁོ་སྤྲོད་འགན་ལེན”གྱི་ཞིང་འབྲོག་ཐོན་རྫས་ཚོང་འདུས་ཐོག་ནོར་བུ་དོན་གྲུབ་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཚགས་ཤ་དང་ལུག་ཤ་བཙོངས་པར་ཡོང་འབབ་སྒོར་ཁྲི་80རག་ཡོད་པ་རེད།
     ན་ནིང་ལག་ལེན་བསྟར་བའི་རྒོད་ཚང་སྨད་གྲོང་ཚོའི་དབྱར་མཚེར་སྤོ་བའི་ལམ་བུའི་རྣམ་གྲངས་སྐྲུན་རིང་ནོར་བུ་དོན་གྲུབ་ཀྱིས་ལས་གྲྭ་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་འགན་ལེན་བྱ་ཆེད། ཟླ་གཉིས་ལྷག་ཙམ་བསྟུད་མར་དབྱར་མཚེར་ཨར་སྐྲུན་བྱ་ཡུལ་དུ་བསྡད་དེ་ཁྱིམ་དུའང་ལོག་ཁོམ་བྱུང་མེད་པ་རེད།
     མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱས་པ་ཕུད། ནོར་བུ་དོན་གྲུབ་ཀྱིས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་གྲོང་མི་སུ་ཞིག་གི་ཁྱིམ་དུ་དཀའ་ངལ་འཕྲད་ཚེ་ཁོང་གིས་ལམ་སེང་རོགས་རམ་བྱེད་ཀྱི་ཡོད་པ་རེད།
     དབུལ་གྲོལ་དུད་ཚང་ཆོས་སྒྲོན་གྱི་ཁྱིམ་ཚང་ལ་དཀའ་ངལ་ཆེ་བས་ནོར་བུ་དོན་གྲུབ་ཀྱིས་ལོ་ལྟར་ཁོང་ལ་དངུལ་སྨར་སྒོར་1800སྤྲད་དེ་རོགས་རམ་ལོ་3བསྟུད་མར་བྱས་པ་དང་། དབུལ་གྲོལ་དུད་ཚང་དབང་མོར་ལོ་ལྟར་འབྲས་དང་གྲོ་ཞིབ་སོགས་འཚོ་བའི་དངོས་ཟོག་སྤྲད་ནས་ལོ་4བསྟུད་མར་རོགས་རམ་བྱས་པ། གྲོང་མི་བློ་བཟང་ཁྲག་ཤེད་མཐོ་བའི་རྐྱེན་གྱིས་དྲན་མེད་དུ་བརྒྱལ་བས་ནོར་བུ་དོན་གྲུབ་ཀྱིས་འཕྲལ་མར་རླངས་འཁོར་བཏང་ནས་སྤྱི་ལེ་90ཡི་སར་ཡོད་པའི་སེང་གེ་ཁ་འབབ་གྲོང་རྡལ་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་བློ་བཟང་དྲན་པ་གསོས་ནས་ནད་གཞི་ཞི་ལྷོད་དུ་སོང་རྗེས་ཁོང་གཞི་ནས་གྲོང་ཚོར་ཕྱིར་ལོག “ངས་བསྒྲུབ་ཐུབ་པའི་བྱ་བ་ཞིག་ཡིན་ཕྱིན་མང་ཚོགས་ལ་ངེས་པར་དུ་བསྒྲུབ་ངེས་ཡིན”ཞེས་ནོར་བུ་དོན་གྲུབ་ཀྱིས་བཤད།
     ཆུང་དུས་ནོར་བུ་དོན་གྲུབ་ཀྱིས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཆེད་སློབ་ཆུང་ཐོན་རྗེས་སློབ་མཚམས་བཞག འོན་ཀྱང་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་དང་གསོ་སྦྱོང་གི་གོ་སྐབས་འཚོལ་གྱི་ཡོད། 
     2014ལོར་གྲོང་མིའི་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་རྗེས་ཁོང་གིས་རྩིས་པའི་ཤེས་བྱ་རང་སྦྱོང་བྱས་ནས་གྲོང་ཚོའི་རྩིས་ཁྲ་ཁ་གསལ་ལ་གནད་ལ་འཁེལ་བ་ཞིག་བཟོས། 2017ལོར་སྒྲིག་འཛུགས་ཨུ་ཡོན་གྱི་འགན་འཁུར་རྗེས་ཁོང་གིས་སླར་ཡང་ཞིང་འབྲོག་པའི་སྒྲོག་འགྲེལ་པའི་གསོ་སྦྱོང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱས་ནས་ལོ་ལྟར་མང་ཚོགས་ལ་སྒྲོག་འགྲེལ་ཐེངས་30ཡན་བྱས་ཡོད།
     “གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་ངས་ངེས་པར་དུ་རིག་གནས་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ཏེ་འཇོན་ཐང་ཆེ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན”ཞེས་ནོར་བུ་དོན་གྲུབ་ཀྱིས་བཤད།