འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།མཚོ་སྔོན་ཁྲལ་དོན་ཅུས་ཀྱིས་ས་ཁོངས་ཀྱི་ཁྲལ་རིན་ཞབས་ཞུ་གཞི་གཅིག་ཅན་འཕེལ་རྒྱས་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་3ཚེས་17ཉིན། གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཁྲལ་དོན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ཀྱི་ཁྲལ་རིན་ཞབས་ཞུ་གཞི་གཅིག་ཅན་འཕེལ་རྒྱས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཁྲལ་འཇལ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་རེད།
     མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་ཁྲལ་རིན་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཞིང་ཆེན་བསྒྲལ་ནས་གཉེར་སྐྱོང་བྱེད་པའི་ཁྲལ་རིན་འཇལ་མཁན་གྱིས་ས་ཆ་གཞན་དུ་ཁྲལ་རིན་འཇལ་བའི་ཞབས་འདེགས་ཞུ་ཐབས་འཚོལ་ཞིབ་བྱས་ཡོད། ཐོ་འགོད་དང་། ཡིག་ཐོག་སྙན་ཞུ། སྙན་ཞུ་སོགས་ཀྱི་བྱེད་ཚད་མང་བའི་ལས་སྒོའི་དོན་དག་ལ་དམིགས་ཏེ་དྲ་རྒྱ་ཡོངས་སུ་ཀུན་སྒྲུབ་དང་། ས་ཆ་གཞན་དུ་ཀུན་སྒྲུབ། ས་ཆ་གཞན་དུ་ཚབ་བསྡུ་ཚབ་སྒྲུབ་སོགས་ཀྱི་བྱ་ཐབས་སྤྱོད་པ་དང་ཁྲལ་གཉེར་བྱ་ཐབས་ཕུན་སུམ་ཚོགས་སུ་བཏང་ནས་དེ་བས་སྟབས་བདེ་དང་། ཚད་ལྡན། ནུས་ཆེ་བཅས་ཀྱི་ཁྲལ་རིན་བློ་འདྲི་དང་ས་ཆ་གཞན་དུ་ལས་སྒོ་གཉེར་རོགས་ཀྱི་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག་ས་ཁོངས་ཀྱི་བློ་འདྲིའི་ཞབས་ཞུའི་བཀག་རྒྱ་བསལ་ནས་ས་ཆ་གཞན་དུ་བློ་འདྲི་བདག་སྤྲོད་དང་ས་ཁོངས་ཡོངས་སུ་འདྲི་རྩད་དང་ལན་འདེབས་ཐུབ་པར་བྱས་པ་རེད།
     འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བའི་རྨང་གཞིའི་ཐོག མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་12366ཤེས་བྱའི་མཛོད་མཉམ་སྤྱོད་དང་ཀུན་སྤྱོད་བློ་འདྲིའི་གླེང་མང་མཉམ་སྤྱོད་བྱས་པ་དང་སྦྲགས། 12366ཁྲལ་འཇལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་པ་བརྒྱུད་ཞིང་ཆེན་དེ་གཉིས་ཀྱི་ཁྲལ་འཇལ་བའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་པ་རེད། མཚོ་སྔོན་དང་ཁྲུང་ཆིང་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་རིན་བསྡུ་མང་བའི་དུས་སྐབས་ཀྱི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཕྱོགས་བསྡུས་བྱས་ནས་བློ་འདྲི་མཉམ་འགུལ་དང་12366ཐད་སྦྲེལ་ཁ་པར་གྱི་ལས་མིའི་དབར་སྤེལ་རེས་བྱས་ཏེ་ཐད་སྦྲེལ་ཁ་པར་ཞབས་ཞུའི་བློ་ཡིད་ཚིམ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད།
     ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་ཁྲལ་དོན་སྡེ་ཚན་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་ཧུར་ཐག་བསྟར་ནས། ས་ཁོངས་སྒྲོལ་བའི་ཁྲལ་རིན་རྩོད་གཞི་མཉམ་སེལ་འཚོལ་ཞིབ་བྱས་ཡོད། མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ཁྲལ་དོན་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང་ཁྲལ་དོན་ཅུས་དང་མཉམ་དུ“བརྒྱུད་རིམ་ལྡན་པའི་འདུམ་འགྲིག་དང་། ཕྱོགས་བསྡུས་འདུམ་འགྲིག ཁྲིམས་བཞིན་འདུམ་འགྲིག འབྱུང་རྩ་ནས་འདུམ་འགྲིག”བཅས་ཀྱི་ཕྱོགས་མང་ཁྲལ་རིན་དོན་ཚན་མཉམ་ལས་ལམ་སྲོལ་བཙུགས་ཏེ་ཞིང་ཆེན་བསྒྲལ་ནས་མཉམ་སྒྲུབ་མཉམ་སྐྲུན་བྱེད་པའི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཁྲལ་དོན་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་ཁྲལ་དོན་ཅུས་དང་མཉམ་དུ་ཞིང་ཆེན་སྒྲོལ་བའི་ཁྲལ་རིན་འཇལ་མཁན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ས་ཆ་གཉིས་སུ་ཁྲལ་རིན་དོན་ཚན་སྒྲུབ་སྐབས་ཁྲལ་རིན་འཇལ་མཁན་ལ་འཕྲད་པའི་དཀའ་ངལ་དངོས་དང་ཞབས་ཞུའི་དགོས་མཁོའི་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་ནས་ས་ཁོངས་སྒྲོལ་བའི་འབྲེལ་ཡོད་ཁྲལ་འབྲེལ་དོན་ཚན་ལ་མཐུན་སྦྱོར་དོ་དམ་བྱས་པ་རེད། 
     (པ་ཚེས་བསྒྱུར)