འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་21ཉིན།

༄༅།།སྡེ་ཚན་གཉིས་ཀྱིས་དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་བདེ་འཇགས་ལ་དོ་དམ་ཡག་པོ་བྱེད་
དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་21ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་3ཚེས་18ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུའུ་དང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་2024ལོའི་དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་སྟེ་དོགས་ཟོན་ལས་དོན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དྭངས་གསལ་དུས་ཚིགས་ཀྱི་འཕྲལ་སྡོམ་འགན་སྲུང་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ། མཆོད་འབུལ་ཞབས་ཞུ་སྣེ་ལེན་དང་འཁོར་རིགས་ལམ་སྟོན་སོགས་ཀྱི་ཇུས་གཞི་བཟོས་ནས་འཐུས་ཚང་དུ་གཏོང་བ། ཁོངས་གཏོགས་མི་སྣ་སྒྲིག་འཛུགས་བྱས་ཏེ་བདེ་འཇགས་སློབ་གསོའི་གསོ་སྦྱོང་དང་། མི་ཁ་འགྲེམ་པ་དང་ཉེན་ཁ་ལས་གཡོལ་བ། འཕྲལ་སྡོམ་ཐག་གཅོད་ཀྱི་ནང་སྦྱོང་བཅས་བྱེད་པ། འགོ་ཁྲིད་ཀྱིས་ལས་སྣེ་ཁྲིད་པ་དང་། འཕྲལ་སྡོམ་ལས་རེས་བྱེད་པ། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། ཆ་འཕྲིན་སྙན་སེང་ཞུ་བ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   བརྡ་ཐོའི་ནང་པུར་འཇུག་ཞབས་ཞུའི་སྒྲིག་གཞི་ཁག་གིས་ཐད་སྦྲེལ་ཁ་པར་དང་། སྒུལ་བདེའི་དུད་སྣེ། སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ཐབས་ལམ་བརྒྱུད་མཆོད་འབུལ་གྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་མང་ཚོགས་ཀྱི་བློ་འདྲིར་ལན་བཏབ་སྟེ་མང་ཚོགས་ཀྱིས་མཆོད་འབུལ་གྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་སྟབས་བདེ་བསྐྲུན་དགོས། ཞབས་ཞུའི་སྐར་ཁུང་མང་དུ་གཏོང་བ་དང་། ཞབས་ཞུའི་དུས་ཚོད་རིང་དུ་གཏོང་བ། ཞབས་ཞུའི་འགྲོ་ལུགས་ལེགས་སུ་གཏོང་བ། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་ཐབས་ལམ་མང་དུ་གཏོང་བ། སེམས་རྩ་འཁོལ་དུ་གཏོང་བ་སོགས་ལ་བརྟེན་ནས་དེ་བས་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ། སྤྲོ་སྣང་བཅས་ཀྱི་ཞབས་འདེགས་ཞུ་གང་ཐུབ་བྱེད་དགོས། ཚོགས་སྤྱི་མི་འདྲ་བ་དང་ལྷག་པར་དུ་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ་ལྗང་མདོག་སྟབས་བདེའི་བགྲོད་ལམ་བཟོས་ནས་དམིགས་བསལ་ཚོགས་སྤྱིའི་མཆོད་འབུལ་དགོས་མཁོ་སྐོང་དགོས་པའི་ནན་བཤད་བྱས་པ་རེད།