འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།རེ་བས་ཁེངས་པའི་ཞིང་ས་གཤིན་པོར་རྨོན་གཉའ་བཅག

—— བོད་ཀྱི་ཞིང་ཁུལ་གྱི་རྨོན་གཉའ་གཅོག་པའི་མཛད་སྒོའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར་དང་། བསྟན་འཛིན་ཉི་མ་ཆོས་གྲུབ། ཆིའུ་ཤིང་ཞང་།
     ཟླ་3ཚེས་16ཉིན། བོད་ཀྱི་ས་གནས་ཁག་གི་ཞིང་ཁུལ་དུ་ལོ་གཅིག་དུས་གཅིག་གི་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོགས་ཤིང་། དེ་ཉིན་འདྲུད་འཐེན་འཕྲུལ་འཁོར་དང་སྐོར་འདེབས་འཕྲུལ་འཁོར་སོགས་ཀྱི་ལྡིར་སྒྲ་ས་མཐོའི་ཞིང་ནང་དུ་གྲགས།
     ཉིན་དེར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་སྤུན་གསུམ་གྲོང་ཚོར་གྲོང་མིས་གཟབ་མཆོར་ལེགས་པར་སྤྲས་ནས་རྒན་སྐྱོར་གཞོན་ཁྲིད་ཀྱིས་ཞིང་ནང་དུ་བསྐྱོད་དེ་ཐུན་མོང་ཐོག་མཛད་སྒོ་གཟབ་རྒྱས་ལ་བསུ་བ་ཞུས། གསར་འགོད་པས་འདྲུད་འཐེན་འཕྲུལ་འཁོར་30ཙམ་ཞིང་ཁའི་འགྲམ་དུ་བཞག་པ་དེ་དག་ལ་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་དཀར་གཙང་གི་ཁ་བཏགས་གཡོག་བཞིན་པ་མཐོང་བྱུང་།
     ལོ་56ལ་སླེབས་པའི་བྱམས་པ་ཚེ་རིང་གིས་མགོ་ལ་ཞྭ་མོ་ཚེ་རིང་སྐྱིན་ཁེབས་དང་ལུས་ལ་སྣམ་བུའི་ཕྱུ་པ་ནག་པོ་གྱོན་པ་དང“ཤར་ཕྱོགས་དམར”རྟགས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་ཞིག་བཏང་ཡོད་པ་དེའི་མདུན་ངོས་སུ་རྔ་དམར་དང་དྲིལ་བུའང་བཏགས་ཡོད། མཛེས་རྒྱན་འདི་ལྟ་བུ་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་རྨོན་མཛོར་སྤྲོས་པའི་མཛེས་རྒྱན་ཡིན། ལོ་བཅུ་ལྷག་ཙམ་གྱི་གོང་བྱམས་པ་ཚེ་རིང་གིས་འདྲུད་འཐེན་འཕྲུལ་འཁོར་དེ་ཉོས་རྗེས་ཁྱིམ་གྱི་རྨོན་མཛོར་ལ་བཅིངས་འགྲོལ་ཐོབ་མོད། འོན་ཀྱང་མཛེས་རྒྱན་དེ་རིགས་ད་བར་རྒྱུན་འཛིན་བྱས་ཡོད།
     བྱམས་པ་ཚེ་རིང་གི་ཁྱིམ་དུ་ས་ཞིང་མུའུ་12ཡོད། ཁོང་གིས་གསར་འགོད་པར་ངེད་གྲོང་ཚོའི་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ཟིན། དེ་སྔ་ཉིན་བཅུ་གྲངས་ནང་གཞི་ནས་རྨོས་ཚར་བའི་ཞིང་ཁ་དག་ད་ཆ་ཉིན་ཁ་ཤས་ནང་རྨོས་ཟིན་ནས་རང་ཉིད་ཕྱིར་གླ་པར་འགྲོ་བའི་དུས་ཚོད་དེ་བས་མང་དུ་ཕྱིན་སོང་ཞེས་བཤད།
     སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཞིང་ནང་དུ་བསང་གི་དུ་བ་འཕྱུར་བ་དང་ཆབས་ཅིག་བྱམས་པ་ཚེ་རིང་གིས་འདྲུད་འཐེན་འཕྲུལ་འཁོར་ཞིང་ནང་དུ་བཏང་བ་དང་། བཀྲག་མདངས་འཚེར་བའི་ལྕགས་ཀྱི་ཐོང་གཤོལ་གྱིས་ས་རྒྱུ་གཤིན་པའི་ས་ཞིང་སློག་པས་ས་སྟེང་ནས་འཐུལ་བའི་དྲི་ཞིམ་པོ་ཞིག་་ཕྱོགས་བཞིར་འཐུལ།
     སྤུན་གསུམ་གྲོང་ཚོའི་རྨོ་ཞིང་ཚང་མ་ཡུག་སྦྲེལ་གྱི་ཚད་གཞི་མཐོ་བའི་ཞིང་ཁ་ཡིན་པས་འཕྲུལ་ཆས་ཅན་གྱི་རྨོ་འདེབས་བྱ་རྒྱུར་འཚམ་པོ་ཡོད། གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་གྲོང་ཚོ་དེར་དུད་ཚང་160དང་མི་696ཡོད་པ་དང་རྨོ་ཞིང་རྒྱ་ཁྱོན་མུའུ་1300ལྷག་ཙམ་ཡོད། གཙོ་བོ་ནས་ཀྱི་སོན་བཟང“བོད་ནས་ཨང་2000པ”དང“ཧི་མ་ལ་ཡ་ཨང་22པ”བཏབ་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ་600ཙམ་ཟིན་ནས་སྔོན་མ་ལས་རྒྱ་མ་100ཙམ་འཕར་ཡོད་ཅེས་བཤད།
     ཟླ་བས་གསར་འགོད་པར་ཞིང་དལ་དུས་སུ་གྲོང་ཚོའི་ནང་གི་ན་གཞོན་ཚང་མ་ཕྱིར་གླ་པར་བསྐྱོད་པ་དང་ཚོང་རྒྱག་གི་ཡོད། 2023ལོར་གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ཙམ་ཟིན་གྱི་ཡོད་ཅེས་བཤད།
     ཞིང་ལས་འཕྲུལ་ཆས་ཅན་ཁྱབ་གདལ་བཏང་བ་དང་ཆབས་ཅིག་སྲོལ་རྒྱུན་གྱི་རྨོན་མཛོ་དོར་སྦྲེལ་གྱི་རྨོ་འདེབས་བྱེད་སྟངས་གངས་ལྗོངས་ས་མཐོའི་ལོ་རྒྱུས་ཀྱི་གར་སྟེགས་ནས་མཐོང་རྒྱུ་མེད། འོན་ཀྱང་སྤུན་གསུམ་གྲོང་ཚོའི་ཉེ་འགྲམ་གྱི་རྒྱལ་སྨན་གྲོང་ཚོར་སྔར་བཞིན་གནའ་བོའི་འདེབས་འཛུགས་བྱེད་སྟངས་སྤྱད་ནས་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོགས་པ་རེད།
     ལོ་67ལ་སླེབས་པའི་རྒྱལ་སྨན་གྲོང་ཚོའི་གྲོང་མི་དབང་འདུས་ཀྱིས་ཞོགས་པ་སྔ་པོ་ནས་རང་ཁྱིམ་གྱི་རྨོན་མཛོར་མཛེས་རྒྱན་སྤྲས། ཁོང་གིས་རྨོན་གཉའ་གཅོག་པ་ནི་ལོ་གཅིག་གི་མཛད་སྒོ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་ཉིན་དེར་གྲོང་ཚོ་ཡོངས་ཀྱི་མི་ཚང་མ་དེར་ཡོང་གི་ཡོད་ཅེས་བཤད།
     གྲོང་ཚོ་དང་ཐག་མི་རིང་བའི་ཞིང་ཁའི་ནང་གྲོང་མི་བརྒྱ་ལྷག་ཙམ་དེ་གར་འཛོམས་པ་དང་ཕོ་གསར་12ཀྱིས་གནའ་བོའི་འགྱུར་ཁུག་དང་བསྟུན་ནས་རྨོན་མཛོ་དེད་དེ་ལོ་གསར་པའི་རྨོས་ཐོག་མ་དེ་རྒྱག་འགོ་ཚུགས། “ཞིང་ལས་ཐོན་སྐྱེད་ཐད་སྔ་ས་ནས་འཕྲུལ་ཆས་ཅན་དུ་གྱུར་ཡོད། སྲོལ་རྒྱུན་གྱི་རྨོན་མཛོ་དོར་སྦྲེལ་ལ་བརྟེན་ནས་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོགས་དོན་ནི་ས་མཐོའི་རྨོ་འདེབས་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་བྱ་ཆེད་རེད”ཅེས་རྒྱལ་སྨན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐུབ་བསྟན་གྱིས་བཤད།
     རྒྱལ་སྨན་གྲོང་ཚོས་ནས་དང་གྲོ་སོགས་ཞིང་ལས་སྐྱེ་དངོས་གཙོ་བོར་འདེབས་པ་དང་། ད་བར་ཅུང་འཐུས་སྒོ་ཚང་བའི་སྲོལ་རྒྱུན་གྱི་རྨོན་གཉའ་གཅོག་པའི་མཛད་སྒོ་རྒྱུན་འཁྱོངས་བྱས་ཡོད། 2023ལོར་འཕྱོངས་རྒྱས་རྫོང་གི་རྨོན་གཉའ་གཅོག་པའི་མཛད་སྒོ་དེ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད། རྒྱལ་སྨན་གྲོང་ཚོའི་རྨོན་གཉའ་གཅོག་པའི་མཛད་སྒོ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།
     འཕྱོངས་རྒྱས་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོ་རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་1.99ཟིན་པའི་ནང་ནས་འདེབས་ཁྱོན་མུའུ་ཁྲི་1.43ཟིན་ཡོད་པ་རེད། དཔྱིད་ཀ་ཤར་ཚུན་ཤང་དང་གྲོང་རྡལ་ཁག་གིས་ལག་རྩལ་མི་སྣ་སྒྲིག་འཛུགས་ཀྱིས་ཞིང་འཕྲུལ་ལ་ཞིབ་བཤེར་བཟོ་བཅོས་དང་བདག་སྐྱོང་བྱས་ཏེ། ནས་དང་དཔྱིད་གྲོ་སོགས་སོན་བཟང་དབོར་འདྲེན་བྱས་པ་དང་རྫས་ལུད་དང་ཞིང་སྨན་སོགས་ཐོན་སྐྱེད་དངོས་ཟོག་མངགས་ཉོ་དང་དབོར་འདྲེན་བྱས་ནས་དཔྱིད་རྨོད་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད།
     གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་དུ་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་430བསྐྲུན་པ་དང་2024ལོར་ད་དུང་མུའུ་ཁྲི་32ལྷག་ཙམ་བསྐྲུན་རྒྱུ་ཡིན་པ་རེད།
     (བསོད་བདེ་གཞོན་པས་བསྒྱུར། བདེ་དབང་གིས་ཞུས)