འཚོལ་བཤེར།   
藏文频道
2024ལོའི་ཟླ་3ཚེས་20ཉིན།

༄༅།།“ཆེས་མཐོའི་ཁང་གཉིས”ཀྱིས“ངོ་ལྐོག་གན་རྒྱའི”ཁྲལ་གཡོལ་སོགས་ཀྱི་གནད་དོན་ལ་ཁྲིམས་འཛིན་
འགྲེལ་བཤད་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 03ཚེས་20ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། 《ཁྲལ་བསྡུའི་དོ་དམ་ལ་གནོད་འཚེ་གཏོང་བའི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་ལ་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྲེལ་བཤད》ཁྱབ་བསྒྲགས་བྱས་པ་དང་ཁྲིམས་འཛིན་འགྲེལ་བཤད་དེའི་ནང“ངོ་ལྐོག་གན་རྒྱ”འཇོག་པ་དེ་ཁྲལ་གཡོལ་གྱི་བྱ་ཐབས་ལ་དངོས་སུ་བརྩིས་ནས་དཔེ་ཁ་གསལ་དྲངས་ཡོད།
    ཁྲིམས་འཛིན་འགྲེལ་བཤད་ནང་གཏན་འབེབས་བྱས་དོན། ཁྲལ་འཇལ་བས་ཁྲལ་འཇལ་རེ་ཞུ་རྫུན་མ་ཕུལ་ཏེ“ངོ་ལྐོག་གན་རྒྱ”འཇོག་པ་སོགས་ལ་བརྟེན་ནས་སྦས་སྐུང་ངམ་ཡང་ན་མི་གཞན་གྱི་མིང་ཐོག་ནས་ཡོང་འབབ་དང་རྒྱུ་ནོར་བགོ་བཤའ་བརྒྱབ་ཚེ་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་བཅུ་མེད་གཅིག་གི་ནང་ཚན་དང་པོའི་ནང་གཏན་འབེབས་བྱས་པའི“མགོ་སྐོར་དང་སྦ་གསང་གི་བྱ་ཐབས”སུ་གཏན་འཁེལ་བྱེད་དགོས་ངེས་རེད། ཁྲིམས་འཛིན་འགྲེལ་བཤད་ནང་ད་དུང“རྩིས་ཁྲ་དང་ཐོ་འགོད་འཛིན་ཤོག་གམ་ཡང་ན་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་དཔྱད་ཡིག་གཞན་དག་རྫུན་བཟོ་དང་། སྒྱུར་བཟོ། སྤོ་སྒྱུར། སྦས་སྐུང་། རང་དགར་མེད་པར་བཟོ་རིགས”དང“གཏོང་སྒོ་རྫུན་འགོད་དང་བསྡུ་དགོས་པའི་ཁྲལ་འབབ་རྫུན་འགོད་བྱེད་པའམ་ཡང་ན་ཆེད་དོན་རྫུན་ཞུ་བྱས་ནས་འཕྲི་འཐེན་བྱེད་རིགས”སོགས་ཁྲལ་གཡོལ་གྱི་གནས་ཚུལ་གཞན་དག་དཔེར་བཀོད་ཡོད།
    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཁྲིམས་ར་བཞི་པའི་དིང་ཀྲང་ཐེང་ཝེ་ཡིས་བརྗོད་དོན། ཉེ་བའི་ལོ་ཤས་རིང་། རིག་གནས་རོལ་རྩེད་ཁྱབ་ཁོངས་སུ“ངོ་ལྐོག་གན་རྒྱའི”ཁྲལ་གཡོལ་གྱི་གྱོད་གཞི་འགའ་ཞིག་ཐོན་ནས་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད། ཁྲིམས་འཛིན་འགྲེལ་བཤད་ནང“ངོ་ལྐོག་གན་རྒྱ”འཇོག་པ་དེ་ཁྲལ་གཡོལ་བྱེད་སྟངས་ཀྱི་གྲས་སུ་བརྩིས་ནས་གཏན་འབེབས་ཁ་གསལ་བཟོ་དགོས་ཤིང་། ཁྲིམས་འཛིན་ལས་ཁུངས་ཀྱིས་སླད་ཕྱིན་གྱོད་གཞི་དེ་རིགས་སྒྲུབ་གཉེར་བྱེད་སྐབས་གཞི་འཛིན་ས་ཁུངས་བཙན་ཞིག་མཁོ་འདོན་བྱས་ཡོད།
    གཞན་ཡང་། ཁྲིམས་འཛིན་འགྲེལ་བཤད་ནང་ཁྲལ་གཡོལ་གྱི་ནག་ཉེས་གཏན་འཁེལ་དང་ཉེས་ཆད་གཅོད་པའི་དངུལ་འབོར་གྱི་ཚད་གཞི་མཐོ་རུ་བཏང་ནས་འཛིན་ཤོག་རྫུན་བཟོ་དང་། ཁྲིམས་འགལ་ངང་ཕྱིར་འཚོང་། ཉོ་སྒྲུབ། རྫུན་འབྲི་སོགས་འཛིན་ཤོག་དང་འབྲེལ་བའི་ཉེས་གསོག་སྣ་ཚོགས་ཀྱི་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་གཅོད་པའི་ཚད་གཞི་ཁ་གསལ་བཟོས་ཡོད། ཉེ་བའི་ལོ་ཤས་རིང་། ཕྱིར་གཏོང་ཁྲལ་སློག་གཡོ་ལེན་གྱི་གནད་དོན་ཐོན་མང་བའི་དུས་བབ་ལ་དམིགས་ཏེ་ཁྲིམས་འཛིན་འགྲེལ་བཤད་ནང“ཕྱིར་གཏོང་རྫུན་ཞུའི”མཚོན་ཚུལ་རིགས་8དཔེར་བཞག་ནས་གསལ་བཏོན་བྱས་ཏེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཕྱིར་གཏོང་ཁྲལ་སློག་གཡོ་ལེན་གྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་ཆེད་མཛུབ་ཁྲིད་ཁ་གསལ་བྱས་ཡོད།
    དེ་དང་ཆབས་ཅིག་ཁྲིམས་འཛིན་འགྲེལ་བཤད་ནང་ཁྲལ་དངུལ་གསབ་འཇལ་དང་ཁྲལ་བསྡུའི་གྱོང་གུན་མི་ཕོག་པ་བྱེད་མཁན་ལ་ཆག་ཡངས་གཏོང་བའི་ཆད་གཅོད་སྲིད་ཇུས་ཁ་གསལ་བཟོས་ནས་ཉེས་དོན་གཏུག་བཤེར་གྱི་གོ་རིམ་ནང་ཚུད་ཟིན་པའི་ཞུ་སྦྱོར་ཕྱི་མས་དཔྱ་ཁྲལ་ཁ་གསབ་བྱས་ནས་གྱོང་གུན་མི་ཕོག་པ་བྱས་པ་དང་ཞུ་སྦྱོར་ཕྱི་མའི་ཚན་པས་སྒྲིག་སྲོལ་དང་མཐུན་པའི་ངང་བཅོས་སྒྲིག་ནུས་ལྡན་བྱས་ཕྱིན་ཉེས་པ་ཆག་ཡང་གཏོང་ཆོག་པའི་གཏན་འབེབས་བྱས་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མི་དམངས་ཁྲིམས་ཁང་གིས་ཁྲལ་འབྲེལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་དཔྱ་ཁྲལ་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཁག་30765ཞིབ་གཅོད་བྱས་པ་དང་། མི་48299ལ་ཆད་པ་བཅད་པ། གནོད་འཚེ་ཚབས་ཆེ་བ་དང་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་ཉེས་ཅན་པ་འབོར་ཆེན་ཞིག་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ནས། རྒྱལ་ཁབ་ཀྱི་ཁྲལ་བསྡུའི་དོ་དམ་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ཡོད།